
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༥ པའི་ཚེས་ ༡༥ ལུ་ ཀེ་ན་ཌའི་མངའ་སྡེ་ ཨཱལ་བར་ཊ་ཟེར་ས་ལས་ ནགས་མེ་ཤོར་ཏེ་ ས་གནས་ཕོཊ་མེག་མ་རེ་ཟེར་སར་ ལྷོད་པ་ལུ་བརྟེན་ཏེ་ ཀེ་ན་ཌའི་ དབང་འཛིན་ཚུ་གིས་ ས་གནས་དེ་དང་ ས་གནས་དེ་གི་ ཉེ་འདབས་ལུ་སྡོད་མི་ མི་སེར་ཚུ་ སྡོད་གནས་སྤོ་དགོ་པའི་ བཀོད་རྒྱ་གནང་ནུག།
དེ་གི་ཧེ་མར་ སྤྱི་ཟླ་ ༥ པའི་ཚེས་ ༡༤ ལུ་འབད་བ་ཅིན་ ས་གནས་ཨ་བཱ་སཱན་དང་ བི་ཀོན་ཧིལ་ པེ་རེ་ཡ་རི་ཀི་རིག་ དེ་ལས་ གེར་ལིང་ཊེ་རེཛ་ ས་ཁོངས་ཚུནང་སྡོད་མི་ མི་སེར་ཚུ་ དུས་ཡུན་ཆུ་ཚོད་ ༢ ཀྱི་ ནང་འཁོད་ལུ་ སྤོ་བཤུད་འབད་དགོ་པའི་ བཀོད་རྒྱ་གནང་ཡོདཔ་ཨིན་པས།
དེ་ཡང་ སྤྱི་ལོ་ ༢༠༡༦ ལུ་ ནགས་ཚལ་མེ་རྐྱེན་གྱིས་ སྡོད་ཁྱིམ་དང་ ཚོང་འབྲེལ་སྒྲིང་ཁྱིམ་ དེ་ལས་ སྒྲིག་བཀོད་གཞན་གྱི་རིགས་ཚུ་ མེདཔ་བཏང་ཡོདཔ་ལས་ མི་སེར་སྟོང་ཕྲག་བཅུ་ཕྲག་ལས་བཅད་དེ་ སྡོད་གནས་སྤོ་དགོཔ་ ཐོན་ཡོདཔ་ད་ ད་རེས་ ཉམས་མྱོང་དེ་ལུ་ གཞིར་བཞག་སྟེ་ མི་སེར་ཚུ་ སྔ་གོང་ལས་ སྤོ་བཤུད་འབད་དགོ་པའི་ བཀོད་རྒྱ་གནང་ནུག།
ད་རེས་ མེ་རྐྱེན་དེ་གིས་ ནགས་ཚལ་ཨེ་ཀར་ ༢༣,༧༠༠ དེ་ཅིག་གི་ནང་ ཁྱབ་སྤེལ་སོང་ཡོདཔ་ལས་ བསད་མ་ཚུགས་པའི་ ཚད་གཞི་ཁར་ ལྷོད་དེ་ཡོདཔ་སྦེ་ བཤད་ཡོདཔ་ད་ མེ་རྐྱེན་དེ་ཡང་ ལྷོ་ནུབ་ཁ་ཐུག་ལས་ རླུང་མ་ཤུགས་སྦེ་ འཕུ་ནི་དེ་གིས་ མེ་ཧེང་སྐལ་ར་ འབར་བའི་གུ་ དུ་པ་ཚུ་གིས་ གང་སྟེ་ཡོདཔ་ལས་ མེ་བསད་ནི་དེ་ ག་ནི་བ་ཡང་ དོ་འགྲན་ཅན་ཅིག་ལུ་ གྱུར་ཏེ་ཡོདཔ་ཨིན་པས།
ཀེ་ན་ཌ་ལུ་ མེ་རྐྱེན་ཚབས་ཆེན་དེ་ར་ སྤྱི་ལོ་ ༢༠༢༣ ལུ་ མངའ་སྡེ་ཁག་གི་ནང་ མེ་རྐྱེན་ཁག་ལེ་ཤ་ཅིག་ ཐོན་མི་དེ་ཨིནམ་ད་ དེ་བསྒང་ཡང་ མི་སེར་སྟོང་ཕྲག་ལས་བཅད་དེ་ གཞི་གནས་སྤོ་དགོཔ་ ཐོན་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1435485
Views Today :
Total views : 5000
Who's Online :