
སྤྱི་ཟླ་ ༥ པའི་ཚེས་ ༡༦ ལུ་ མི་དབང་རྒྱལ་ཡུམ་ ཚེ་རིང་གཡང་སྒྲོན་དབང་ཕྱུག་མཆོག་གིས་ གསར་བཞེངས་འབད་མི་ གསར་སྤང་རྫོང་གི་ དབུ་རྩེ་གུ་ གསེར་ཏོག་བཀལ་བའི་ རྟེན་འབྲེལ་ནང་ དབུ་བཞུགས་མཛད་གནང་ནུག།
གསེར་ཏོག་གི་ གསུང་ཆོག་དེ་ཡང་ གཞུང་གྲྭ་ཚང་གི་ ཡོན་ཏན་སློབ་དཔོན་ སྤྲུལ་སྐུ་རྣམ་རྒྱལ་མཆོག་ དབུ་བཞུགས་ཐོག་ལས་ གནང་ཡོདཔ་ད་ རྫོང་གསར་བཞེངས་ཀྱི་ལཱ་དེ་ དུས་ཅི་ སྤྱི་ཟླ་ ༡༢ པའི་ནང་ མཇུག་བསྡུ་ནི་གི་ ལས་འཆར་ཡོདཔ་ཨིན་པས།
མ་གཞི་ ཧེ་མ་འབད་བ་ཅིན་ རྫོང་དེ་ནང་ལས་ རྫོང་ཁག་བདག་སྐྱོང་དང་ གྲྭ་ཚང་གི་ ཞབས་ཏོག་ཚུ་ བྱིན་ནི་སྦེ་ཨིན་རུང་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་ བདག་སྐྱོང་ལྟེ་བ་སྦེ་ ལག་ལེན་འཐབ་ནི་གི་ འཆར་གཞི་ཡོདཔ་ལས་ རྫོང་ཁག་བདག་སྐྱོང་གི་ ཁང་ཚན་རྐྱབ་ནི་ཚུ་ ལོ་ ༡ གི་ཧེ་མ་ལས་ མཚམས་འཇོག་འབད་དེ་བཞག་ནུག།
ག་དེ་སྦེ་ར་ཨིན་རུང་ རྫོང་གསར་བཞེངས་ཀྱི་ ལཱ་མཇུག་བསྡུ་བའི་ཤུལ་ལས་ གྲྭ་ཚང་གི་ཐེད་ཁར་ རྫོང་གསརཔ་དེ་ནང་ སྤོ་བཤུད་འབད་ནི་ཨིནམ་བཞིན་དུ་ དགེ་སློང་ ༡༥༠ དེ་ཅིག་ཤོང་པའི་ ཁང་ཚན་ཚུ་ཡོདཔ་མ་ཚད་ བླ་མའི་གཟིམ་ཅུང་ཡང་ཡོདཔ་ཨིན་པས།
གསར་སྤང་རྫོང་ གསར་བཞེངས་ཀྱི་ བཟོ་བཀོད་དེ་ཡང་ ཕྱི་ཁའི་བཟོ་བཀོད་དེ་ སྔར་སྲོལ་རང་ལུགས་ག་ཨིནམ་དང་ རྫོང་ནང་གི་ བཟོ་བཀོད་ཚུ་ དེང་སང་གི་ བཟོ་བཀོད་དང་ མཐུན་རྐྱེན་ཚུ་ཡོདཔ་ད་ ད་ལས་ཕར་ ལྷན་ཁག་གི་ བཀའ་རྒྱ་དང་འཁྲིལ་ཏེ་ དགེ་ལེགས་ཕུག་ དྲན་ཤེས་ཁྲོམ་ཚོགས་ཀྱི་དོན་ལས་ བདག་སྐྱོང་གི་ ཁང་ཚན་ཚུ་ རྐྱབ་ནི་ཨིན་པས།
གསར་སྤང་རྫོང་དེ་ རྒྱ་གར་གཞུང་གིས་ དངུལ་ཀྲམ་ཐེར་འབུམ་ ༡.༠༩༢ གྲོགས་རམ་འབད་དེ་ གསར་བཞེངས་འབད་དོ་ཡོད་མིའི་གྲས་ལས་ ད་ཚུན་གྱི་བར་ན་ དངུལ་ཀྲམ་ས་ཡ་ ༨༢༠ དེ་ཅིག་ ཟད་འགྲོ་བཏང་ཚར་ཡོདཔ་སྦེ་ ཀུན་གསལ་ནང་བཀོད་ནུག།
ས་ཆ་ཨེ་ཀར་ ༡༡ གི་ནང་ གསར་བཞེངས་འབད་མི་ གསར་སྤང་རྫོང་གི་ལཱ་དེ་ སྤྱི་ལོ་ ༢༠༡༧ སྤྱི་ཟླ་ ༡༡ པའི་ནང་ལས་ འགོ་བཙུགས་ཡོད་རུང་ ལོ་ངོ་ ༡ དེ་ཅིག་ ནད་ཡམས་ལུ་བརྟེན་ཏེ་ ལཱ་འབད་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
དེ་ཚེ་ཉིན་མར་ མི་དབང་རྒྱལ་ཡུམ་མཆོག་གིས་ ལཱ་འབད་མི་ཚུ་ལུ་ ཉིན་མའི་ལྟོ་ཁ་ཅིག་ གནང་ཡོདཔ་ད་ རྫོང་གསར་བཞེངས་ཀྱི་ ལས་འགུལ་དེ་ ནང་སྲིད་ལྷན་ཁག་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1435941
Views Today :
Total views : 5000
Who's Online :