མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ལུ་ མི་དབང་སྐུ་འཁོར་ལུ་ བརྙས་བཅོས་དང་འབྲེལ་བའི་ཉེས་འཛུགས།

རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ མཐའ་ཡས་ལེན་གྱི་ བློན་ཆེན་བགྲེསཔ་ ཐག་སིན་ཤི་ན་ཝ་ཏ་ར་ལུ་ མི་དབང་སྐུ་འཁོར་ལུ་ བརྙས་བཅོས་ཞུ་བའི་ ཉེས་འཛུགས་འབད་ནི་ཨིན་པས།
དེ་ཡང་ ཐག་སིན་གྱི་མོ་སྤུན་ ཡང་ལུག་ཤི་ན་ཝ་ཏ་ར་དེ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལས་ གཞུང་སྐྱོང་གི་དབང་ཚད་ བཙན་འཕྲོག་འབདམི་ དྲག་པོའི་དམག་སྡེ་གིས་ ཐག་སིན་གྱི་ རྒྱབ་འགལ་ལུ་ ཉོག་བཤད་བཀོད་ཡོད་མི་དེ་ཡང་ སྤྱི་ལོ་ ༢༠༡༥ ལུ་ ཐག་སིན་གྱིས་ ཕྱི་ཁའི་བརྡ་བརྒྱུདཔ་ཚུ་དང་ དྲི་བ་དྲིས་ལན་སྐབས་ལུ་ སྐུ་འཁོར་ལུ་ བརྙས་བཅོས་འབད་ཡོདཔ་སྦེ་བཀོད་ནུག།
རྩོད་དཔོན་ཡོངས་ཁྱབ་ཀྱིས་ ཉེས་འཛུགས་ག་རའི་དོན་ལུ་ བློན་ཆེན་བགྲེསཔ་ ཐག་སིན་དེ་ ཁྲིམས་སར་བཀལ་ནི་སྦེ་ གྲོས་ཐག་བཅད་ཡོདཔ་ལས་ སྤྱི་ཟླ་ ༦ པའི་ཚེས་ ༡༨ ཀྱི་ཧེ་མར་ ཁྲིམས་འདུན་ལུ་ བཅར་དགོ་ཟེར་ཨིན་པས།
སྐྱེས་ལོ་ ༧༤ འབད་མི་ ཐག་སིན་ཤི་ན་ཝ་ཏ་ར་གིས་ མཐའ་ཡས་ལེན་གྱི་ མི་དབང་སྐུ་འཁོར་ལུ་ ཁོ་རའི་ཧོངས་ལས་ དད་དམ་ལྷད་མེད་ཡོདཔ་ལས་ ཁོ་ལུ་ ནོར་བ་དང་ འཁྲུལ་བ་ག་ནི་ཡང་མེད་ཟེར་ བཤད་ཡོདཔ་ད་ མཐའ་ཡས་ལེན་ལུ་ མི་དབང་སྐུ་འཁོར་ཚུ་ལུ་ བརྙས་བཅོས་དང་འབྲེལ་བའི་ ཁྲིམས་ལུགས་དེ་ ག་ནི་བ་ དམ་དྲགས་སྦེ་ཡོདཔ་ཨིན་པས།
མཐའ་ཡས་ལེན་ལུ་ ད་ཚུན་གྱི་བར་ན་ སྐུ་འཁོར་ལུ་ བརྙས་བཅོས་ཀྱི་ རྩོད་བཤེར་ཁག་ ༢༧༠ ལྷགཔ་ཅིག་ ཁྲིམས་འདུན་ལུ་ བཀལ་ཡོད་མི་ཚུ་གི་གྲས་ལས་ གོ་གནས་མཐོ་ཤོས་ར་ ཐག་སིན་ཤི་ན་ཝ་ཏ་ར་དེ་ཨིནམ་ད་ ཁྲིམས་ལུགས་དང་འཁྲིལ་བ་ཅིན་ སྐུ་འཁོར་ལུ་ བརྙས་བཅོས་དང་འབྲེལ་བའི་ བཙོན་ཁྲིམས་དེ་ མཐོ་ཤོས་ལོ་ངོ་ ༡༥ ཚུན་ ཕོག་ནི་ཨིན་པས།
ཐག་སིན་གྱི་ཁྲིམས་རྩོདཔ་ ཝིན་ཡཱཏ་ཅར་མོན་ཏི་རི་གིས་ ཉེས་འཛུགས་ཚུ་གི་ འགག་ལན་ཚུ་ ཡོངས་རྫོགས་སྦེ་ར་ གྲ་སྒྲིག་ཡོདཔ་ལས་ ཁྲིམས་འདུན་ལས་ཡང་ གློད་གྲོལ་གྱི་ གནང་བ་ཞུ་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: