
རོའི་ཊརཛ།
སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ པ་པུ་ཨ་ ནིའུ་གི་ནིའི་བློན་ཆེན་ ཇེམཛ་མ་ར་པེ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོང་གི་རྒྱལ་ཁབ་ནང་ གནམ་གཤིས་འགྱུར་བ་ལུ་བརྟེན་ཏེ་ ཆརཔ་སྦོམ་སྦེ་ རྐྱབ་ནི་དེ་གིས་ ས་རུད་ཀྱིས་གཙོས་པའི་ རྐྱེན་ངན་ལེ་ཤ་ཅིག་ བྱུང་མིའི་ནང་ མི་སེར་སྟོང་ཕྲག་ལས་བཅད་མི་ལུ་ ཤི་རྐྱེན་བྱུང་ཡི་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༥ པའི་ཚེས་ ༢༤ ལུ་ རྒྱལ་ཁབ་ཀྱི་ བྱང་ཕྱོགས་ཀྱི་མངའ་སྡེ་ ཨེང་ག་ཟེར་སར་ མ་ཨིབ་མུ་ལི་ཏ་ཀ་ཟེར་མི་ སྒང་ཏོག་དེ་ ཆད་འོངམ་ལས་ མི་སེར་སྟོང་ཕྲག་ ༢ ལྷགཔ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ རྐྱེན་ངན་དེ་གིས་ ས་གོ་དེ་ནང་ མི་རློབས་ ༧༠,༠༠༠ དེ་ཅིག་ཡོད་མི་ག་ར་ལུ་ གནོད་སྐྱོན་བྱུང་ནུག།
ལོ་འདི་ནང་ རང་བཞིན་རྐྱེན་ངན་ཚུ་ལུ་བརྟེན་ཏེ་ རྒྱལ་ཁབ་ལུ་ ཌོ་ལར་ས་ཡ་ ༡༢༦ ལྷགཔ་ཅིག་ གྱོང་རྒུད་ཕོག་ཡོདཔ་ད་ གནད་དོན་དེ་གི་སྐོར་ལས་ བློན་ཆེན་མ་ར་པེ་གིས་ དུས་ཅི་ ཁོང་གི་རྒྱལ་ཁབ་ནང་ དུས་ཨ་རྟག་དང་མ་འདྲཝ་སྦེ་ ཆརཔ་ཤུགས་སྦེ་ རྐྱབ་ནི་དེ་གིས་ གཙང་ཆུ་དང་ རྒྱ་མཚོའི་མཐོ་ཚད་ཚུ་ཡང་ ཡར་སེང་སོང་སྟེ་ ས་རུད་དང་ ཆུ་རུད་ཚུ་ ཐོནམ་འཐོན་ས་ར་ཡོད་ཟེར་ཨིན་པས།
ད་རེས་ སྒང་ཏོག་རམ་འགྱོ་མིའི་ རྐྱེན་ངན་ནང་ ཨཱཛ་ཊེ་ལི་ཡ་དང་ ནིའུ་ཛི་ལེན་གྱིས་ རྒུད་སྐྱོབ་ཀྱི་ གྲོགས་རམ་ཚུ་ གང་དྲག་འབད་དེ་ཡོདཔ་ལས་ རྒུད་གསོ་དང་ གནོད་སྐྱོན་བསྐྱར་གསོའི་དོན་ལུ་ སྲུང་སྐྱོབ་བློན་པོ་ བི་ལི་ཇོ་སེཕ་གིས་ གྲོགས་རམ་ཚུ་ རྐྱེན་ངན་བྱུང་སར་བསྐྱལ་ནུག།
དེ་མ་ཚད་ པ་པུ་ཨ་ ནིའུ་གི་ནི་ལུ་ སྲོག་སྐྱབ་ཀྱི་ལཱ་ཚུ་ བརྩོན་ཤུགས་བསྐྱེད་དེ་ འགོ་འདྲེན་འཐབ་པའི་བསྒང་ཡོདཔ་ད་ འབྲེལ་ཡོད་དབང་འཛིན་ཚུ་གིས་ ད་རུང་ཡང་ ས་རུད་ཧེང་སྐལ་ཆད་ནི་དང་ རྐྱེན་ངན་དེ་བྱུང་སར་ ནད་ཡམས་ཚུ་ཡང་ འཐོན་ནི་ཨིན་པའི་ ཉེན་བརྡ་ཚུ་ཡང་ སྤེལ་ཡོདཔ་ཨིན་པས།
རྐྱེན་ངན་བྱུང་སར་ མི་སེར་ཚུ་གིས་ སྲོག་སྐྱབས་ཀྱི་ལཱ་ཚུ་ ལག་པར་ལག་ཆས་ག་ཐོབ་དང་ ལ་ལོ་ཅིག་གིས་ ལག་པ་གིས་སྦེ་ སྡོད་ཁྱིམ་ཐོག་ཚད་གཉིས་རེའི་རྩིས་ ས་རུད་ཀྱིས་ ཨེབ་སྟེ་ཡོད་མི་ཚུ་ སེལ་དོ་ཡོད་རུང་ འགོ་དཔོན་ཚུ་གིས་འབད་བ་ཅིན་ ས་རུད་འོག་ལས་ མི་གསོན་པོ་སྦེ་ འཐོབ་ནི་དེ་ ལཱ་ཁག་འོང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 868
Users Yesterday : 4124
This Month : 60441
This Year : 497434
Total Users : 1209250
Views Today : 1164
Total views : 3253864
Who's Online : 15