
སྤྱི་ཟླ་ ༥ པའི་ཚེས་ ༣༠ ལུ་ གནས་ཚུལ་ཞལ་འཛོམས་ནང་ མི་རྗེ་བློན་ཆེན་མཆོག་གིས་ སྨྱོ་རྫས་ཀྱི་ དབང་ལུ་ཐལ་མི་ སློབ་ཕྲུག་ཚུ་གི་དོན་ལས་ ཡོན་ཕུ་ལ་ལུ་ དམིགས་བསལ་གྱི་ སློབ་གྲྭ་ཅིག་ གཞི་བཙུགས་འབད་ནི་དང་འབྲེལ་ཏེ་ སློབ་གྲྭ་ཚུ་ནང་ སྨྱོ་རྫས་ལོག་སྤྱོད་འབད་ནི་ བཀག་ཐབས་ལུ་ འབྲུག་མི་ཡོངས་ཀྱིས་ གཅིག་བསྒྲིལ་ཐོག་ལས་ བརྩོན་ཤུགས་སྦོམ་ བསྐྱེད་དགོཔ་སྦེ་གསུངས་ཡི།
དེ་བཟུམ་མའི་ སློབ་གྲྭ་གཞི་བཙུགས་ཀྱི་སྐོར་ལས་ མི་ལེ་ཤ་ཅིག་གིས་ བསམ་འཆར་སྣ་ཚོགས་ བཤད་དོ་ཡོདཔ་ད་ དེ་ཡང་ སྨྱོ་རྫས་ལོག་སྤྱོད་འབད་མི་ སློབ་ཕྲུག་ཚུ་ དེ་བཟུམ་མའི་ ཁ་དབྱེ་ཅན་གྱི་ སློབ་གྲྭའི་ནང་ བཞག་པ་ཅིན་ ཉེ་རིང་གི་དབང་ལུ་ ཐལ་ནི་ཨིནམ་ལས་ གཞུང་གིས་ དེ་བཟུམ་མའི་ གྲོས་ཆོད་མ་བཏོན་པའི་ སྔ་གོང་ལས་ ཕམ་དང་ སློབ་ཕྲུག་ཚུ་དང་གཅིག་ཁར་ གྲོས་བསྟུན་འབད་དགོ་འདུག་ཟེར་ཨིན་པས།
ཨིན་རུང་ མི་རྗེ་བློན་ཆེན་གྱིས་ ང་བཅས་རའི་ རྒྱལ་ཁབ་ནང་ སྨྱོ་རྫས་ལོག་སྤྱོད་ཀྱི་ དཀའ་ངལ་ཡོད་མི་དེ་ཡང་ སྒེར་དོན་དང་ ཆ་རོགས་ཚུ་གི་ ཤན་ཞུགས་ལུ་བརྟེན་ཏེ་ ཨ་ལོ་ཚུ་གིས་ སྨྱོ་རྫས་ལོག་སྤྱོད་འབདཝ་ལས་ སློབ་ཕྲུག་ཚུ་ བཙོན་ཁང་ནང་ གཏང་ནིའི་ཚབ་ལུ་ དམིགས་བསལ་སློབ་གྲྭ་ཚུ་ནང་ སྨན་བཅོས་ འབད་ཟབས་ལུ་ཨིན་ཟེར་གསུངས་ཡི།
ཤེས་རིག་དང་ རིག་རྩལ་གོང་འཕེལ་བློན་པོ་ ཡིད་འོང་ཌི་ཐཱ་པ་གིས་ དེ་བཟུམ་མའི་ སློབ་གྲྭའི་ནང་ དུས་རྒྱུན་གྱི་ སློབ་སྟོན་དང་ སྨན་བཅོས་ དེ་ལས་ དགོས་དོན་ཡོད་པའི་ ཞབས་ཏོག་ཚུ་ བྱིན་ནི་ཨིན་པའི་གུ་ ངོ་རྐྱང་དང་ སྡེ་ཚན་ཐོག་ལས་ ཀུན་སྤྱོད་ལེགས་སྒྱུར་དང་ སྨན་བཅོས་ སེམས་ཁམས་བརྟག་དཔྱད་ དེ་ལས་ གཡོག་འབྲེལ་སྦྱོང་བརྡར་ཚུ་གི་ ལས་རིམ་ཚུ་ཡང་ བཙུགས་ནི་ཨིནམ་ལས་ ན་གཞོན་ཚུ་གི་ མ་འོངས་པ་དེ་ ཉེན་སྲུང་འབདཚུགས་ཟེར་ཨིན་པས།
སྨྱོ་རྫས་ལོག་སྤྱོད་ཀྱི་ དབང་ལུ་ཐལ་མི་ སློབ་ཕྲུག་ཚུ་ སྨན་བཅོས་འབད་མ་ཚར་ཚུན་ དེ་བཟུམ་མའི་ སློབ་གྲྭ་ཚུ་ནང་ བཞག་པའི་ཤུལ་ལུ་ ལོག་སྟེ་ར་ དུས་རྒྱུན་གྱི་ སློབ་གྲྭ་ཚུ་ནང་ བཙུགས་ནི་ཨིན་པའི་ གསལ་བཤད་གནང་ཡི།
ག་དེ་སྦེ་ཨིན་རུང་ ཡོན་ཕུ་ལའི་ སློབ་གྲྭ་དེ་ དུས་ཅི་ སྤྱི་ཟླ་ ༧ པའི་ནང་ལས་ འགོ་བཙུགས་ནི་སྦེ་ བཞག་ཡོད་རུང་ བཟོ་བསྐྲུན་འབད་མ་ཚརཝ་ལས་ སང་ཕོད་མ་གཏོགས་ འགོ་བཙུགས་མི་ཚུགས་ནི་ཨིན་པའི་གནས་ཚུལ།




Users Today : 830
Users Yesterday : 1046
This Month : 50554
This Year : 279395
Total Users : 991211
Views Today : 2011
Total views : 2883169
Who's Online : 12