རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁག་འབག་ལས་གཡོགཔ་ཚུ་ གཏན་འཇགས་ལས་གཡོག་སྡེ་ཚན་ པ་ར་རེ་གུ་ལར་ལུ་ སྒྱུར་བཅོས་ཀྱི་གྲོས་འཆར།

རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ཁག་འབག་ཐོག་གི་ ཞི་གཡོགཔ་ཚུ་གི་དོནལས་ གཏན་འཇགས་ལས་གཡོག་སྡེ་ཚན་ པ་ར་རེ་གུ་ལར་ལུ་ སྒྱུར་བཅོས་འབད་ནི་གི་ གྲོས་འཆར་ཕུལ་ནུག།
དེ་ཡང་ མི་རྗེ་བློན་ཆེན་ ཚེ་རིང་སྟོབས་རྒྱས་ཀྱིས་ གནས་ཚུལ་ཞལ་འཛོམས་ནང་ གསུངས་དོ་བཟུམ་འབད་བ་ཅིན་ གྲོས་འཆར་དེ་ ལྷན་རྒྱས་གཞུང་ཚོགས་ཀྱི་ ནང་གསེས་ཚོགས་ཆུང་ཅིག་གིས་ བསྐྱར་ཞིབ་འབད་བའི་ཤུལ་ལས་ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ འཚོགས་གནང་མི་ ལྷན་གཞུང་ཚོགས་ཐེངས་ ༢ པའི་ནང་ལས་ ངོས་ལེན་གྲུབ་ཅི་ཟེར་ཨིན་པས།
རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱི་ ཁ་ཐུག་ལས་འབད་བ་ཅིན་ ཁག་འབག་ལས་གཡོགཔ་ཚུ་གི་ གནས་རིམ་སྒྱུར་བཅོས་གང་རུང་གིས་ ཞི་གཡོག་ནང་གི་ གཟེངས་ཐོན་རྒྱུན་སྐྱོང་དེ་ གལ་ཆེཝ་ལས་ ཞི་གཡོགཔ་གསར་བསྐོས་དང་ ལྕོགས་གྲུབ་ལུ་ གནོད་པ་མེདཔ་སྦེ་ བཞག་དགོཔ་སྦེ་ཨིན་པས།
དེ་མ་ཚད་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་ཀྱིས་ ད་ལྟོ་ཡོད་མི་ དངུལ་ཕོགས་སྟབས་གཅིག་ལག་སྤྲོད་དང་ དུས་རྒྱུན་གྱི་ ཁག་འབག་ཐོག་ལུ་ཡོད་མི་ ལས་གཡོགཔ་ཚུ་ཡང་ པ་ར་རེ་གུ་ལར་སྡེ་ཚན་ནང་ བཙུགས་དགོཔ་སྦེ་ཨིན་པས།
གཏན་འཇགས་ལས་གཡོག་སྡེ་ཚན་གསརཔ་ པ་ར་རེ་གུ་ལར་ནང་འབད་བ་ཅིན་ ལཱ་གཡོག་གི་ གན་ཡིག་དང་སྦྲགས་ཏེ་ ཞི་གཡོགཔ་ཚུ་ལུ་ ཐོབ་ནི་ཡོད་པའི་ འཚོ་རྟེན་གྱི་ ཁེ་ཕན་ཚུ་ཡང་ ཞི་གཡོགཔ་དང་འདྲ་མཉམ་སྦེ་ འཐོབ་ནི་ཨིན་པའི་ གྲོས་འཆར་ཕུལ་ཡོདཔ་ད་ ཨིན་རུང་ ཁག་འབག་ལས་གཡོགཔ་ཚུ་ལུ་ ད་རེས་ ཐོབ་སྲོལ་ཡོད་མི་ ཁག་འབག་གི་འཐུས་ བརྒྱ་ཆ་ ༣༠ རེ་འབད་མི་དེ་ མི་འཐོབ་ནི་ཨིན་པས།
ཁག་འབག་ལས་གཡོགཔ་ཚུ་ གཏན་འཇགས་ལས་གཡོགཔ་གི་གྲངས་སུ་ བཙུགས་ནི་དེ་ གཞུང་འདི་གི་ ཁས་བླངས་གསལ་བསྒྲགས་ གཙོ་བོ་ཅིག་ཨིནམ་ད་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༣ ཚུན་ འབྲུག་ལུ་ ཁག་འབག་ལས་གཡོགཔ་ ༥,༠༠༠ ལྷགཔ་ཅིག་དང་ ཞི་གཡོགཔ་ ༢༤,༠༠༠ དེ་ཅིག་ཡོདཔ་ཨིན་པས།
ད་རེས་ ཁག་འབག་ལས་གཡོགཔ་ཚུ་གི་ གནས་རིམ་དེ་ པ་ར་རེ་གུ་ལར་ ལས་གཡོག་སྡེ་ཚན་ནང་ སྒྱུར་བཅོས་འབད་བའི་ཤུལ་ལུ་ ཁེ་ཕན་གྱི་ཁྱད་པར་དང་ ལཱ་གཡོག་ཉེན་སྲུང་དང་འབྲེལ་བའི་ ཕན་ཐོགས་ཚུ་ཡང་ འཐོབ་ནི་ཨིན་པའི་གནས་ཚུལ།

Please follow and like us: