འབྲུག་རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པ་ འཚོགས་གནང་ནི།

སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པ་དེ་ འགོ་བཙུགས་གནང་ནི་དང་ དེ་བསྒང་ ཚོགས་བཞུགས་དེ་ནང་ སྲིད་བྱུས་བསྐྱར་ཞིབ་སྙན་ཞུ་དང་ བཅའ་ཁྲིམས་བསྐྱར་ཞིབ་ཚུ་གུ་ གསུང་གྲོས་གནང་སྟེ་ ཆ་འཇོག་མཛད་ནི་ཨིན་པས།
དེ་ཡང་ ས་སྟོང་དང་ གུང་སྟོང་གི་ བསྐྱར་ཞིབ་སྙན་ཞུ་དང་ དངུལ་རྩིས་བློན་པོ་གིས་ ལོ་ལྔའི་འཆར་གཞི་ ༡༣ པའི་སྙན་ཞུ། གྲོང་གསེབ་སྐྱིན་འགྲུལ་ཞབས་ཏོག་གི་ གནས་སྐབས་ཀྱི་ བསྐྱར་ཞིབ་སྙན་ཞུ། མི་དང་ རི་དྭགས་སེམས་ཅན་གྱི་བར་ན་ འབྲེལ་འཛིང་དང་ རང་བཞིན་རྐྱེན་ངན་གྱིས་ ལོ་ཐོག་ཚུ་ལུ་ གནོད་སྐྱོན་བྱུང་མི་གུ་ རྒུད་འཐུས་སྤྲོད་ནི་གི་ སྲིད་བྱུས་བསྐྱར་ཞིབ་ མཛད་ནི་དང་།
དེ་བཟུམ་སྦེ་ འབྲུག་གི་གདམ་ཁ་ཅན་གྱི་ འཁོན་འདུམ་བཅའ་ཁྲིམས་ ༢༠༡༣ ཅན་མའི་ གནས་སྐབས་སྙན་ཞུ་དང་ ཤེས་རིག་དང་འབྲེལ་བའི་ ཁྲིམས་ལུགས་གུ་ གནས་སྐབས་ཀྱི་ བསྐྱར་ཞིབ་སྙན་ཞུ། དབང་པོ་སྐྱོན་ཅན་གྱི་ མི་ངོམ་ཚུ་གི་ གནས་སྟངས་བསྐྱར་ཞིབ་སྙན་ཞུ། རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དང་ དེ་ལས་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ཚུ་གུ་ གསུང་གྲོས་གནང་ནི་ཨིན་པས།
དེ་ལས་ སྤྱི་ཚོགས་ལྷན་བཞུགས་ནང་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཁབ་གནས་སྟངས་ཀྱི་ ལོ་བསྟར་གསལ་ཞུ་ ཕུལ་ནི་ཨིནམ་མ་ཚད་ དམངས་རྩིས་ཚོགས་ཆུང་གིས་ སྤྱི་ལོ་ ༢༠༢༢-༢༠༢༣ གྱི་ ལོ་བསྟར་རྩིས་ཞིབ་ཀྱི་ བསྐྱར་ཞིབ་སྙན་ཞུ་དང་ སྒྱི་ལོ་ ༢༠༡༠ ལས་ ༢༠༢༢ ཚུན་གྱི་ ལོ་བསྟར་རྩིས་ཞིབ་སྙན་ཞུའི་ བསྐྱར་ཞིབ་སྙན་ཞུ་ཚུ་ཡང་ ཕུལ་ནི་ཨིན་པའི་གནས་ཚུལ།

Please follow and like us: