རྒྱལ་ཡོངས་ཚོགས་སྡེའི་ནང་ ས་སྟོང་དང་ གུང་སྟོང་གི་ བསྐྱར་ཞིབ་སྙན་ཞུའི་གུ་གསུང་གྲོས།

སྤྱི་ཟླ་ ༦ པའི་ཚེས་ ༡༢ ལུ་ རྒྱལ་ཡོངས་ཚོགས་སྡེའི་ ཚོགས་ཐེངས་ ༣༣ པའི་ནང་ ས་སྟོང་དང་ གུང་སྟོང་ཚུ་གི་ བསྐྱར་ཞིབ་སྙན་ཞུའི་གུ་ གསུང་གྲོས་གནངམ་ད་ འཐུས་མི་མང་ཤོས་ཅིག་གིས་ར་ གནད་དོན་འདི་ གལ་ཆེ་ཤོས་ཅིག་སྦེ་ བརྩི་འཇོག་འབད་ནུག།
ད་རེས་ རྒྱལ་ཁབ་ནང་ གུང་སྟོང་ ༥,༡༢༩ དེ་ཅིག་དང་ ས་ཆ་མ་སྤྱོད་པར་ལུས་མི་ བརྒྱ་ཆ་ ༧ དེ་ཅིག་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་སྡེའི་ ཚོགས་བཞུགས་ནང་ གྲོང་གཡུས་སྐྱིན་འགྲུལ་གྱི་ གོ་སྐབས་དང་ རྒུད་འཐུས་དང་འབྲེལ་བའི་ སྲིད་བྱུས་དང་ རི་དྭགས་སེམས་ཅན་གྱིས་ ལོ་ཐོག་ལུ་ གནོདཔ་བཀལ་བའི་ དཀའ་ངལ་ཚུ་གུ་ རང་བཞིན་རྐྱེན་ངན་གྱི་ གནོད་པ་དང་ འབྲུག་གི་རྩོད་རྙོག་འདུམ་འགྲིག་ཐབས་ལམ་གྱི་ བཅའ་ཡིག་ ༢༠༡༣ ཅན་མ་ཚུ་ལུ་ཡང་ གསུང་གྲོས་ཚུ་ གནང་ནི་ཨིན་པས།
སྤྱི་ཟླ་ ༦ པའི་ཚེས་ ༡༣ ལུ་ དངུལ་རྩིས་བློན་པོ་གིས་ འཆར་གཞི་ ༡༣ པའི་ སྙན་ཞུ་ཕུལ་ཡོདཔ་ད་ དེ་ལས་ ཤེས་རིག་དང་འབྲེལ་བའི་ བཅའ་ཡིག་དང་ དབང་པོ་སྐྱོན་ཅན་གྱི་ གནས་སྟངས་ཚུ་གི་སྐོར་ལས་ གསུང་གྲོས་ཚུ་ གནང་ནི་ཨིནམ་མ་ཚད་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དང་ རྩིས་ལོ་ ༢༠༢༣-༢༤ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་དཔྱད་ཡིག་ བསྐྱར་ཞིབ་ཀྱི་ གྲོས་གཞི་ཚུ་ཡང་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་གྱིས་ ཁྲིམས་དོན་འཆར་གཞི་དང་ ལོ་བསྟར་འཆར་གཞི་ དེ་ལས་ གཞུང་གི་གཙོ་རིམ་ཚུ་གིས་གཙོས་པའི་ རྒྱལ་ཁམས་ཀྱི་ ལོ་བསྟར་སྙན་ཞུ་དེ་ སྤྱི་ཚོགས་ལྷན་བཞུགས་ནང་ ཕུལ་ནི་གི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: