ཀེ་ནི་ཡའི་ སྤྱི་ཚོགས་ནང་ ཁྲལ་རིགས་ཡར་སེང་གི་ དཔྱད་ཡིག་བཙུགས་པའི་ རྒྱབ་འགལ་ལུ་ ངོ་རྒོལ་འགྲེམ་སྟོན།

རོའི་ཊརཛ།
ཀེ་ནི་ཡའི་སྲིད་འཛིན་ ཝི་ལི་ཡམ་ རུ་ཏོ་གིས་ ཁྲལ་ཡར་སེང་གི་ དཔྱད་ཡིག་ཅིག་ སྤྱི་ཚོགས་ནང་ བཙུགས་ཡོད་མི་ལུ་ མི་སེར་ཚུ་གིས་ རྒྱལ་ཁབ་མཐའ་དབུས་གེ་རའི་ནང་ ངོ་རྒོལ་འགྲེམ་སྟོན་འབདཝ་ལས་ དཔྱད་ཡིག་དེ་ ཕྱིར་བཏོན་འབད་ནུག།
དེ་ཡང་ སྲིད་འཛིན་རུ་ཏོ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ དཔྱད་ཡིག་དེ་ལུ་བརྟེན་ཏེ་ མི་སེར་དང་ ཁྲིམས་སྲུང་འགག་སྡེའི་བར་ན་ བྲེལ་ཟིང་ཐོན་ཏེ་ མི་གྲངས་ ༢༣ དེ་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ལས་ དངུལ་གྱི་དཔྱད་ཡིག་ ༢༠༢༤ ཅན་མ་ལུ་ མཚན་རྟགས་མི་བཀོད་ནི་ཨིནམ་སྦེ་ རྒྱང་མཐོང་ཐོག་ལས་ གསུངས་ཡོདཔ་ཨིན་པས།
སྲིད་འཛིན་རུ་ཏོ་གིས་ སྲིད་འཛིན་གྱི་ གོ་གནས་འཆང་སྟེ་ ད་རེས་ ལོ་ངོ་ ༢ འགྱོ་དོ་ཡོདཔ་ད་ ཁོ་གིས་ སྤྱི་ཚོགས་ནང་ ཁྲལ་ཡར་སེང་གི་ དཔྱད་ཡིག་བཙུགས་མི་ལུ་ མི་སེར་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་དེ་ སྲིད་གཞུང་བསྐྱར་བཀོད་འབད་དགོ་པའི་ དགོས་མཁོ་ཚུ་ཡང་ བཀོད་ཡོདཔ་ལས་ སྲིད་འཛིན་རུ་ཏོ་ལུ་ དཀའ་ངལ་ཚབས་ཆེན་སྦེ་ར་བྱུང་ནུག།
མ་གཞི་ སྤྱི་ཚོགས་ནང་ ཁྲལ་ཡར་སེང་གི་ དཔྱད་ཡིག་བཙུགས་དགོ་མི་དེ་ཡང་ གཙོ་བོ་ར་ སྐྱིན་འགྲུལ་ཁ་སྐོང་བྱིན་མི་ རྒྱལ་སྤྱི་དངུལ་འབྲེལ་ལས་སྡེ་ཚུ་གིས་ རྒྱལ་ཁབ་ཀྱི་ རྩིས་ཆད་ཚུ་ ཀེ་ནི་ཡ་གཞུང་གིས་ མར་ཕབ་མ་འབད་བ་ཅིན་ སྐྱིན་འགྲུལ་བྱིན་མི་ཚུགས་ཟེར་ བཤད་པ་ལུ་བརྟེན་ཏེ་ བྱ་ཐབས་ར་མེད་པར་ བཙུགས་ཡོདཔ་ཨིན་པས།
ཀེ་ནི་ཡའི་ རྒྱལ་ཁབ་ནང་ འདེམས་ཁོངས་ ༤༧ ཡོད་ས་ལས་ ༣༥ གི་ནང་ ངོ་རྒོལ་འགྲེམ་སྟོན་ཚུ་འབདཝ་ད་ མི་སེར་ ༢༣ ལུ་ ཤི་རྐྱེན་དང་ ༣༠ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: