
མི་རྗེ་བློན་ཆེན་མཆོག་གིས་ ད་ལས་ཕར་ གཞུང་གི་ཡིག་ཚང་ཁག་གིས་ རྒྱལ་ཁབ་ནང་འཁོད་ཀྱི་ ཞལ་འཛོམས་ཚུ་ནང་ གསུང་གྲོས་དང་ གསུང་བཤད་ཚུ་ག་ར་ རྫོང་ཁའི་ཐོག་ལུ་ གནང་དགོཔ་མ་ཚད་ གཞུང་འབྲེལ་ཡིག་འགྲུལ་གྱི་རིགས་ཚུ་ཡང་ རྫོང་ཁའི་ནང་ ལག་ལེན་གང་དྲག་འཐབ་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་ཅིག་གནང་ནུག།
དེ་ཡང་ རང་ཟླ་ ༥ པའི་ཚེས་ ༡༤ སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ གནང་ཡོདཔ་ད་ ག་དེམ་ཅིག་སྦེ་ ཞལ་འཛོམས་ཚུ་ནང་ གྲལ་གཏོགས་འབད་མི་ ཕྱི་རྒྱལ་གྱི་ མི་ངོམ་རེ་ཡོད་པ་ཅིན་ དོར་ཁ་བསྒྱུར་ནི་གི་ ཞབས་ཏོག་དང་ ཡང༌ཅིན༌ ཡིག་ཐོག་ལུ་ སྐད་སྒྱུར་རྐྱབ་སྟེ་ བཀྲམ་ཐབས་ཚུ་ཡང་ བསྒྲིག་དགོ་ཟེར་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ དེ་བཟུམ་མའི་ བཀོད་ཁྱབ་བཀའ་རྒྱ་གནང་དགོ་པའི་ གནད་དོན་གཙོ་བོ་ར་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ འབྲུག་པའི་ལམ་སྲོལ་དང་ རིག་གཞུང་གི་ སྲོག་ཤིང་ཨིནམ་མ་ཚད་ རྒྱལ་ཁབ་ཀྱི་ ངོ་རྟགས་གཙོ་བོ་ཅིག་ཡང་ཨིན་ཟེར་ བཀོད་གནང་ནུག།
དེ་འབདཝ་ལས་ འབྲུག་རྒྱལ་ཁབ་འདི་ སྤྱི་ལོ་ ༡༩༧༡ ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ འཐུས་མི་སྦེ་ འགོ་ཐོག་འཛུལ་ཞུགས་གནངམ་ད་ འབྲུག་བརྒྱུད་འཛིན་གྱི་ རྒྱལ་རབས་གསུམ་པ་ མི་དབང་འཇིགས་མེད་རྡོ་རྗེ་དབང་ཕྱུག་མཆོག་གིས་ རྫོང་ཁ་འདི་ རྒྱལ་ཡོངས་སྐད་ཡིག་སྦེ་ གསལ་བསྒྲགས་གནང་ཞིནམ་ལས་ཚུར་ མི་དབང་རིམ་བྱོན་གྱི་ བཀའ་དགོངས་དང་ རྒྱལ་ཡོངས་ཚོགས་འདུ་རིམ་པའི་ གྲོས་ཆོད་ཚུ་དང་འཁྲིལ་ཏེ་ འབྲུག་གི་རྩ་ཁྲིམས་ཆེན་མོའི་ནང་ཡང་ རྫོང་ཁ་འདི་ རྒྱལ་ཡོངས་སྐད་ཡིག་སྦེ་ ཆ་འཇོག་གནང་སྟེ་ཡོད་ཟེར་ཨིན་པས།
ཁྱད་པར་དུ་ཡང་ ང་བཅས་རའི་ རྒྱལ་ཁབ་ཀྱི་ ལམ་སྲོལ་དང་ རིག་གཞུང་ཚུ་ འཛིན་སྐྱོང་སྤེལ་ ༣ གྱི་སྒོ་ལས་ ཡར་དྲག་གཏང་དགོ་པ་ཅིན་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ མེད་ཐབས་མེདཔ་ཅིག་འབདཝ་ལས་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ སྤྱི་ལོ་ ༡༩༩༣ ལུ་ གཞུང་གི་ཡིག་ཚང་ཚུ་གིས་ རང་སོའི་འཆར་གཞི་དང་ གཞུང་གི་སྲིད་བྱུས་ཀྱི་རིགས་ཚུ་ག་ར་ མི་སེར་ལུ་ རྫོང་ཁའི་ཐོག་ལས་ གོ་བརྡ་སྤེལ་དགོཔ་དང་།
དེ་བཟུམ་སྦེ་ མི་མང་འཛོམས་སར་ གསུང་གྲོས་དང་ གསལ་བཤད་ཚུ་ཡང་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁའི་ཐོག་ལུ་ར་ གཏང་དགོ་པའི་ བཀའ་ཤོག་གནང་མི་དང་འཁྲིལ་ཏེ་ གཞུང་གི་ཁ་ཐུག་ལས་ཡང་ འདས་པའི་ལོ་ཚུ་ནང་ གཞུང་འབྲེལ་གྱི་ བཀོད་ཁྱབ་བཀའ་རྒྱ་དང་ ཁྱབ་བསྒྲགས་ཚུ་ཡང་ མང་རབས་ཅིག་ རྫོང་ཁའི་ནང་ ལག་ལེན་འཐབ་སྟེ་སྡོད་ནུག།
ཨིན་རུང་ དེང་སང་ འཛམ་གླིང་གཅིག་འགྱུར་དང་ གོང་འཕེལ་གྱི་ འགྱུར་བ་ལུ་བརྟེན་ཏེ་ རྫོང་ཁའི་སྐད་ཡིག་འདི་ བཀའ་དོན་དང་འཁྲིལ་ཏེ་ ལག་ལེན་ཚུལ་མཐུན་སྦེ་ འཐབ་མི་མེད་པའི་ གདོང་ལན་ཚུ་ ད་ལྟོ་ཡང་ དེ་སྦེ་ར་ཡོདཔ་ལས་ རྒྱལ་ཡོངས་སྐད་ཡིག་ བདག་འཛིན་འཐབ་ནི་གི་ འགན་ཁུར་འདི་ ལས་སྡེ་གཅིག་ལུ་ བཀལ་བཞག་ནི་མིན་པར་ འབྲུག་པའི་མི་སེར་ག་ར་ལུ་ཕོག་པའི་ གཞི་རྟེན་ཅིག་ཨིནམ་ མི༌མང༌ག༌ར༌གིས༌ ཐུགས་ཁར་བསྣམས་ཞིནམ་ལས་ རྒྱལ་ཁབ་ཀྱི་ འཕྲལ་ཕུགས་ ༢ ཀྱི་མཐའ་དོན་ལུ་ ཐུགས་བཞེད་རྒྱ་ཆེ་ས་ལས་ གནང་དགོཔ་སྦེ༌ བཀོད་གནང་ཡོད་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1436218
Views Today :
Total views : 5000
Who's Online :