
སྤྱི་ཟླ་ ༦ པའི་ཚེས་ ༢༥ ལུ་ རྒྱལ་ཡོངས་ཚོགས་འདུའི་ནང་ དྲི་བ་དྲིས་ལན་སྐབས་ལུ་ བཟོ་གྲྭ་ཚོང་ལས་དང་ ལཱ་གཡོག་བློན་པོ་ རྣམ་རྒྱལ་རྡོ་རྗེ་གིས་ ཞུ་དོ་བཟུམ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ འཆར་གཞི་ ༡༣ པའི་ནང་ བལྟ་བཤལ་ལུ་བརྟེན་ཏེ་ དངུལ་ཀྲམ་ཐེར་འབུམ་ ༡༤ ལས་ ༡༥ གི་བར་ན་ འོང་འབབ་འཐོབ་ནི་གི་ དམིགས་གཏད་བསྐྱེད་དོ་ཟེར་ཨིནམ་ད་ དེ་ཡང་ དུས་ཅི་ ཟླཝ་ ༥ གི་ ནང་འཁོད་ལུ་ར་ ཡུན་བརྟན་གོང་འཕེལ་འཐུས་ ཡུ་ཨེཛ་ཌོ་ལར་ས་ཡ་ ༡༦.༢ དེ་ཅིག་ ཐོབ་ཡོདཔ་ཨིན་པས།
ད་རེས་ བལྟ་བཤལ་ལས་སྡེའི་ནང་ ལས་གཡོགཔ་ ༥༠,༠༠༠ ལྷགཔ་ཅིག་ཡོདཔ་ད་ བློན་པོ་གིས་འབད་བ་ཅིན་ བལྟ་བཤལ་ལས་སྡེ་ལུ་ དོ་འགྲན་ཚུ་ཡོད་རུང་ བལྟ་བཤལ་པའི་ གྱངས་ཁ་དེ་ ཡར་སེང་འགྱོ་བའི་བསྒང་ར་ཡོདཔ་ལས་ དུས་ཅི་ སྤྱི་ཟླ་ ༥ པའི་ནང་ར་ བལྟ་བཤལཔ་ ༡༦,༦༠༠ དེ་ཅིག་ ལྷོད་ཅི་ཟེར་ཨིན་པས།
དེ་ཡང་ ཤར་ཕྱོགས་ལུང་ཕྱོགས་ནང་ སྐྱེ་ལྡན་བལྟ་བཤལ་གསར་བཏོད་དང་འབྲེལ་ཏེ་ བལྟ་བཤལ་གོང་འཕེལ་གྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༢ དེ་ཅིག་ འཆར་དངུལ་དཔྱ་བགོ་འབད་དེ་ཡོདཔ་ད་ གཞུང་གི་ཁ་ཐུག་ལས་ བལྟ་བཤལ་བརྒྱུད་དེ་ རྒྱལ་ཡོངས་ལུ་ ཁེ་ཕན་ཡོད་པའི་ གོང་འཕེལ་ལས་སྣ་ཁག་ ༡༠ ཡང་ འགོ་བཙུགས་ནི་ཨིན་པས།
དེ་ལས་ རྒྱལ་ཁབ་ནང་ བལྟ་བཤལ་ལམ་སྟོན་པ་ ༡,༧༧༧ དང་ བལྟ་བཤལ་ལས་སྡེ་ ༩༥༠ སྐར་རྟགས་ཅན་གྱི་ བཟའ་ཁང་ ༣༨༤ དང་ གནས་སྡོད་ཁང་ཁྱིམ་ ༡༢༠ ཡོདཔ་ད་ བལྟ་བཤལ་གྱི་དོན་ལས་ སྣུམ་འཁོར་ནང་འདྲེན་ལུ་ཡང་ བཀག་ཆ་ག་ནི་ཡང་མེད་པའི་ཁར་ ནང་འདྲེན་ཁྲལ་ཡང་ དགོངས་ཡངས་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་ནང་ བལྟ་བཤལ་བཟོ་གྲྭ་དེ་ ཕྱི་རྒྱལ་གྱི་ བལྟ་བཤལ་བཟོ་གྲྭ་ཚུ་གིས་ ཚད་འཛིན་འབད་དོ་ཡོདཔ་ལས་ ཕྱི་དངུལ་གྱི་ འོང་འབབ་མར་ཉམས་འགྱོ་དོ་ཡོད་པའི་ ཚ་གྱང་དང་ གནས་སྟངས་དེ་ དངུལ་རྩིས་ལྷན་ཁག་གིས་ བསྐྱར་ཞིབ་འབད་བའི་བསྒང་ཡོདཔ་ལས་ འོས་འབབ་དང་ལྡན་པའི་ ཐབས་ལམ་ཚུ་ཡང་ ལག་ལེན་འཐབ་དགོ་ནི་ཨིན་པའི་སྐོར་ལས་ བློན་པོ་གིས་ ཞུ་ཡོད་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1436118
Views Today :
Total views : 5000
Who's Online :