
སྤྱི་ཟླ་ ༦ པའི་ཚེས་ ༢༧ ལུ་ རྒྱལ་ཡོངས་ཚོགས་སྡེའི་ནང་ འཆར་གཞི་ ༡༣ པའི་ འཆར་གཞི་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ད་ དེ་བསྒང་ དཔལ་འབྱོར་ཚོགས་ཆུང་གི་ ཁ་ཐུག་ལས་ འཆར་གཞི་ ༡༣ པའི་ འཇོན་སྟངས་བཙན་ཐབས་ལུ་ དམིགས་བསལ་གྱི་ གྲོས་འདེབས་ཁག་ ༤ དང་ སྤྱི་བཏང་གི་ གྲོས་འདེབས་ཁག་ ༡ ཕུལ་ཡོདཔ་ཨིན་པས།
དེ་ཡང་ འཆར་གཞི་ ༡༣ པའི་ དམིགས་ཡུལ་ལྟར་དུ་ མི་སེར་དང་ ཡར་འཕེལ་ ལོངས་སྤྱོད་ཚུ་ལུ་ གཙོ་བོར་བཏོན་ཏེ་ སྤྱི་ལོ་ ༢༠༣༤ འཐོནམ་ད་ འབྲུག་རྒྱལ་ཁབ་འདི་ འབབ་ཁུངས་མཐོ་བའི་ རྒྱལ་ཡོངས་དགའ་སྐྱིད་དཔལ་འཛོམས་ཀྱི་ དཔལ་འབྱོར་ཟེར་མིའི་ གནས་ཚད་ཁར་ བཀལ་ནི་གི་ དམིགས་གཏད་ཡོད་པའི་ གནད་དོན་དག་པ་ཅིག་གི་ གྲོས་འདེབས་ཕུལ་ནུག།
དཔལ་འབྱོར་ཚོགས་ཆུང་གིས་ མ་གཞི་ ས་གནས་གཞུང་ཚུ་ལུ་ འཆར་དངུལ་ཚུ་ འབོར་ཆེ་ཏོག་ཏོ་སྦེ་ བགོ་བཀྲམ་འབད་དེ་ཡོད་རུང་ གལ་གནད་ཆེ་བའི་ བཟོ་རིག་པ་དང་ རྩིས་འཛིན་པ་ སྒོ་ནོར་དང་ སོ་ནམ་འགོ་དཔོན་ལ་སོགས་པ་ཚུ་ ཚད་ལྡན་མེད་པའི་ ཚ་གྱང་ཡོད་ལུགས་ཚུ་ ཞུ་ཡོདཔ་ཨིན་པས།
དེ་འབདཝ་ལས་ ཚོགས་ཆུང་གིས་ ལུང་ཕྱོགས་གོང་འཕེལ་འདྲ་མཉམ་གྱི་དོན་ལུ་ འཐོན་ཁུངས་དཔྱ་བགོའི་ ཐབས་གཞི་དེ་ ལོག་སྟེ་ར་ བསྐྱར་ཞིབ་འབད་དགོཔ་དང་ ལུང་ཕྱོགས་ཚུ་གི་བར་ན་ ཁྱད་པར་ཚུ་ བསལ་ཐབས་ལུ་ འཁོར་ལམ་དང་ གློག་མེ་ འཐུང་ཆུ་ལ་སོགས་པ་ཚུ་ ཤོ་མཚུངས་སྦེ་ ཉུང་མཐའི་གཞི་རྟེན་མཁོ་ཆས་ཀྱི་ སྒྲིག་བཀོད་དེ་ཡང་ བསྐྱར་ཞིབ་འབད་དགོ་པའི་ གྲོས་འདེབས་ཕུལ་ནུག།
ཚོགས་ཆུང་གི་ཁྲི་འཛིན་ ཚེ་དབང་རིན་ཆེན་གྱིས་ འཆར་གཞི་ ༡༣ པའི་ནང་ རྫོང་ཁག་དང་ རྒེད་འོག་ ཁྲོམ་སྡེ་ཚུ་ལུ་ འཐོན་ཁུངས་བགོ་བཀྲམ་གྱི་དོན་ལས་ ཚད་གཞི་མ་འདྲཝ་སྦེ་ ཚུད་དེ་ཡོདཔ་མ་ཚད་ ཆུར་བརྟེན་ནུས་ཤུགས་དང་ སླར་འབྱུང་ནུས་ཤུགས་མ་གཏོགས་ དམིགས་བསལ་ལུ་ དཔལ་འབྱོར་གྱི་ ལས་འགུལ་སྦོམ་ཤོས་ཚུ་ དྭངས་གསལ་དང་ ཁ་གསལ་ཚུ་ཡང་ སྐྱོན་ཅན་ཡོདཔ་སྦེ་ ཞུ་ཡོདཔ་ཨིན་པས།
དེ་མ་ཚད་ སོ་ནམ་དང་ བལྟ་བཤལ་ ས་གཏེར་ བཟོ་བཏོན་ལ་སོགས་པའི་ དཔལ་འབྱོར་ལས་སྡེ་ གཙོ་བོ་ཚུ་གི་དོན་ལུ་ ཡོངས་རྫོགས་ཅན་གྱི་ འཆར་གཞི་ཚུ་ཡང་ གོང་འཕེལ་བཏང་སྟེ་ འཐོན་ཁུངས་ཚུ་ བགོ་བཀྲམ་འབད་དགོ་པའི་ གྲོས་འདེབས་ཡང་ཕུལ་ནུག།
དེ་བཟུམ་སྦེ་ ས་གནས་གཞུང་ སྒྲིང་སྒྲིང་བཟོ་ཐབས་ལུ་ ཞབས་ཏོག་ཚུ་ དོན་སྨིན་ཅན་སྦེ་ སྤྲོད་ནི་དང་ ལུང་ཕྱོགས་གོང་འཕེལ་ ངེས་གཏན་བཟོ་ཐབས་ལུ་ དུས་ཅི་ སྤྱི་ཟླ་ ༡༢ པའི་ ནང་འཁོད་ལུ་ར་ ས་གནས་གཞུང་གི་ ས་སྟོང་བསུབ་དགོ་པའི་ གྲོས་འདེབས་ཡང་ ཕུལ་ཡོདཔ་ཨིན་པས།
དེ་གི་ནང་ལས་ཡང་ ཚོགས་ཆུང་གིས་ བུ་ལོན་གྱི་ ཉེན་ཁ་འཛིན་སྐྱོང་དང་ ནང་འཁོད་འོང་འབབ་ལངམ་སྦེ་ བཟོ་ཐབས་ལུ་དང་ ཕྱི་དངུལ་གསོག་འཇོག་དེ་ རྩ་ཁྲིམས་ཆེན་མོའི་ དགོངས་དོན་ལྟར་དུ་ རྒྱུན་སྐྱོང་འབད་ཐབས་ལུ་ གློག་མེ་ལས་འགུལ་ཚུ་ དུས་ཚོད་ཁར་ མཇུག་བསྡུ་དགོཔ་ གལ་ཆེ་བའི་ཁར་ མ་དངུལ་གྱི་ གོ་སྐབས་དང་ སྒེར་སྡེ་གོང་འཕེལ་ ཚན་རིག་དང་ འཕྲུལ་རིག་ བཟོ་རིག་ རྩིས་རིག་ ཤེས་ཡོན་ དེ་ལས་ སློབ་གྲྭ་ལྟེ་བ་ཚུ་ལུ་ འཆར་དངུལ་བགོ་བཀྲམ་ཚུ་གི་སྐོར་ལས་ཡང་ ཚ་གྱང་ཡོད་ལུགས་ཚུ་ཞུ་ནུག།
ག་དེ་སྦེ་ར་ཨིན་རུང་ གྲོས་འདེབས་དེ་ཚུའི་སྐོར་ལས་ ཚོགས་ཆུང་གིས་ ལོག་སྟེ་ར་ བསྐྱར་ཞིབ་འབད་དགོ་པའི་ བཀའ་རྒྱ་གནང་ཡོདཔ་ད་ རྒྱལ་ཡོངས་ཚོགས་སྡེ་གིས་ འཆར་གཞི་ ༡༣ པ་དེ་ སྤྱི་ཟླ་ ༧ པའི་ཚེས་ ༡ ལུ་ ཆ་འཇོག་འགྲུབ་ནི་གི་ ལས་རིམ་ཡོདཔ་ཨིན་པའི་གནས་ཚུལ།





Users Today :
Users Yesterday :
This Month :
This Year :
Total Users : 1435985
Views Today :
Total views : 5000
Who's Online :