
སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ རྒྱལ་གཞུང་འབྲུག་གི༌འགག་སྡེའི་གཙོ་འཛིན་ གུང་བློན་འོགམ་ འཆི་མེད་རྡོ་རྗེ་གིས་ ནིའུ་ཡོག་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཡིག་ཚང་ལྟེ་བའི་ནང་ འཛམ་གླིང་སྤྱི་ཚོགས་ འགག་སྡེའི་གཙོ་འཛིན་ཚུ་གི་ ཞལ་འཛོམས་ཐེངས་ ༤ པའི་ནང་ གྲལ་གཏོགས་འབད་ནུག།
དེ་བསྒང་ རྒྱལ་གཞུང་འགག་སྡེའི་ གཙོ་འཛིན་གྱིས་ ཞི་བདེ་ལག་ལེན་ལས་ཁུངས་ཀྱི་ ཡོངས་ཁྱབ་དྲུང་ཆེན་འོགམ་ ཞཱོན་པི་ཡ་རི་ ལ་ཀོ་རོཛ་དང་ ལག་ལེན་རྒྱབ་སྐྱོར་ལས་ཁུངས་ཀྱི་ ཡོངས་ཁྱབ་དྲུང་ཆེན་འོགམ་ ཨ་ཏཱུལ་ཁ་རེ་ འགག་སྡེའི་གྲོས་དཔོན་ ཕ་ཡེ་སཱལ་ ཤ་ཁར་ཚུ་གིས་གཙོས་པའི་ འཛམ་གླིང་སྤྱི་ཚོགས་ཀྱི་ ཆེ་མཐོའི་འགོ་དཔོན་ཚུ་དང་གཅིག་ཁར་ ཕྱད་ཐོག་ལས་ འཛམ་གླིང་སྤྱི་ཚོགས་ཀྱིས་ རྒྱལ་སྤྱིའི་ཞི་བདེ་དང་ སྲུང་སྐྱོབ་ཀྱི་དོན་ལུ་ བརྩོན་ཤུགས་བསྐྱེད་དེ་ཡོད་པའི་ རྒྱབ་སྐྱོར་ལུ་ འབྲུག་གིས་ ཁས་བླངས་དང་སྦྲགས་ཏེ་ མོས་མཐུན་ཅན་གྱི་ མཐའ་དོན་ཚུ་གི་སྐོར་ལས་ གསུང་གྲོས་གནང་ཡོདཔ་ཨིན་པས།
དེ་མ་ཚད་ ཞལ་འཛོམས་ཀྱི་ཞོར་ཁར་ ཕོ་མོའི་ཁྱད་ཆོས་དང་འབྲེལ་བའི་ རྩུབ་སྤྱོད་དང་ ཕོ་མོ་འདྲ་མཉམ་སྦེ་ བརྩི་འཇོག་མེད་པའི་ དཀའ་ངལ་ཚུ་ལུ་ གདོང་ལན་འབད་ཐབས་ལུ་ ཕོ་མོའི་ཁྱད་ཆོས་ལུ་ ངོས་ལེན་གྲུབ་པའི་ ཁྲིམས་སྲུང་འགག་སྡེའི་ ལྕོགས་གྲུབ་བཙན་ཐབས་དང་ གནོད་འགེལ་བརྟག་དཔྱད་ ཡར་དྲག་གི་དོན་ལུ་ ཞིབ་དཔྱད་ཐོག་གི་ དྲི་དཔྱད་ཟེར་མི་ ལས་རིམ་ཚུ་གི་ནང་ཡང་ གྲལ་གཏོགས་འབད་ནུག།
ལས་རིམ་དེ་ཚུ་ཡང་ འབྲུག་དང་ ཇར་མ་ནི་ ནོར་ཝེ་ མོ་རོ་ཀོ་ རྒྱལ་ཁབ་ཚུ་དང་ འཛམ་གླིང་སྤྱི་ཚོགས་ཀྱི་ ཞི་བདེ་ལག་ལེན་ལས་ཁུངས་ དེ་ལས་ འཛམ་གླིང་སྤྱི་ཚོགས་ཀྱི་ སྨྱོ་རྫས་དང་ གནོད་འགེལ་ཡིག་ཚང་ ནོར་ཝེ་ཨོཛ་ལོ་གཙུག་ལག་སློབ་སྡེའི་ འགྲོ་བ་མིའི་ཐོབ་དབང་ལྟེ་བ་ཚུ་ མཉམ་འབྲེལ་ཐོག་ལས་ འགོ་འདྲེན་འཐབ་ཡོད་པའི་གནས་ཚུལ།






Users Today : 155
Users Yesterday : 1303
This Month : 65827
This Year : 294668
Total Users : 1006484
Views Today : 251
Total views : 2926283
Who's Online : 7