མི་རྗེ་བློན་ཆེན་མཆོག་གིས་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ གྲུབ་འབྲས་ཅན་གྱི་ གཞུང་འབྲེལ་གཟིགས་སྐོར།

སྤྱི་ཟླ་ ༦ པའི་ཚེས་ ༢༨ ལུ་ མི་རྗེ་བློན་ཆེན་མཆོག་གིས་ དབུ་གཙོས་པའི་ འཐུས་མི་སྡེ་ཚན་ཚུ་ མཐའ་ཡས་ལེན་གྱི་རྒྱལ་ས་ བེང་ཀོག་ལུ་ གཞུང་འབྲེལ་གཟིགས་སྐོར་ མཇུག་བསྡུ་སྟེ་ རྒྱལ་ཁབ་ནང་ ལོག་ཕེབས་ནུག།
དེ་ཡང་ མཐའ་ཡས་ལེན་གྱི་བློན་ཆེན་ སེ་རེ་ཐ་ ཐཱ་ཝི་སིན་གྱིས་ མགྲོན་བརྡ་ཕུལཝ་བཞིན་དུ་ སྤྱི་ཟླ་ ༦ པའི་ཚེས་ ༢༥ ལས་ ༢༨ ཚུན་ ཉིན་གྲངས་ ༤ གི་དོན་ལས་ མཐའ་ཡས་ལེན་ལུ་ གཞུང་དོན་གཟིགས་སྐོར་གནང་པར་ བྱོན་ཡོདཔ་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་གྱི་ ཕྱག་ཞུ་སྟེ་ ཨམ་བཀྲིས་སྒྲོལ་མ་དང་ ཕྱི་འབྲེལ་དང་ ཕྱིར་ཚོང་བློན་པོ་ ཌི་ཨེན་དུང་གེལ་ དེ་ལས་ ནང་སྲིད་བློན་པོ་ ཚེ་རིང་དང་ འབྲུག་གཞུང་གི་ ཆེ་མཐོའི་འགོ་དཔོན་ཚུ་ཡང་བྱོན་ནུག།
གཟིགས་སྐོར་དེ་གི་སྐབས་ལུ་ མི་རྗེ་བློན་ཆེན་གྱིས་ མཐའ་ཡས་ལེན་གྱི་ མི་དབང་རྒྱལཔོ་དང་ མི་དབང་བཙུནམོ་མཆོག་གི་ སྐུ་མདུན་ལུ་ བཅར་ཡོདཔ་མ་ཚད་ བློན་ཆེན་ཐ་ཝི་སིན་གྱིས་གཙོས་པའི་ མཐའ་ཡས་ལེན་གཞུང་གི་ ཆེ་མཐོའི་འགོ་ཁྲིདཔ་ཚུ་དང་ཡང་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་དང་ མཐའ་ཡས་ལེན་གྱི་བློན་ཆེན་ སེ་རེཊ་ཐ་ ཐ་ཝི་སིན་ ༢ དབུ་བཞུགས་ཐོག་ལུ་ རྒྱལ་ཁབ་ ༢ ཀྱི་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གོ་བརྡའི་ཆིངས་ཡིག་ ༢ ལུ་ མཚན་རྟགས་བཀོད་ནུག།
གོ་བརྡའི་ཆིངས་ཡིག་དང་པར་ མཐའ་ཡས་ལེན་ལུ་ འབྲུག་གི་གཞུང་ཚབ་དང་ མཐའ་ཡས་ལེན་ གསོ་བའི་ཞབས་ཏོག་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ༢ ཀྱིས་ བཀོད་ཡོདཔ་ད་ ཆིངས་ཡིག་དེ་ཡང་ མཐའ་ཡས་ལེན་ མི་མང་གསོ་བའི་ལས་ཁུངས་དང་ འབྲུག་གི་གེ་སར་རྒྱལ་པོ་གསོ་རིག་གཙུག་ལག་སློབ་སྡེའི་ ལེགས་སྦྱར་བ་ཚུ་ བརྗེ་སོར་གྱི་དོན་ལས་ཨིན་པས།
ཆིངས་ཡིག་ ༢ པ་དེ་ བལྟ་བཤལ་ནང་ མཉམ་འབྲེལ་འབད་ནི་ལུ་ གཙོ་རིམ་བཟུང་ནི་སྦེ་ཨིནམ་ད་ མཚན་རྟགས་དེ་ཡང་ འབྲུག་གི་བལྟ་བཤལ་ལས་ཁུངས་ཀྱི་ ཁ་ཐུག་ལས་ འབྲུག་གི་གཞུང་ཚབ་དང་ མཐའ་ཡས་ལེན་གྱི་ཧོངས་ལས་ བལྟ་བཤལ་དབང་འཛིན་གྱི་ གཙོ་འཛིན་གྱིས་ བཀོད་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: