རྒྱ་གར་ལུ་ ཧིན་དུའི་དུས་སྟོན་ཅིག་ནང་ མི་ཧབ་ཐོབ་རྐྱབ་སྟེ་ རྒྱུག་འགྱོ་བའི་སྐབས་ལུ་ མི་གྲངས་ ༡༢༡ ལུ་ཤི་རྐྱེན།

བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༢ ལུ་ རྒྱ་གར་གྱི་ བྱང་ཕྱོགས་མངའ་སྡེ་ ཨུ་ཏར་པར་དེཤ་ལུ་ ཧིན་དུའི་ཆོས་ལུགས་ཀྱི་ དུས་སྟོན་ཅིག་ བརྩི་སྲུང་འབད་བའི་ཤུལ་ལས་ མི་ཚུ་གིས་ ཧབ་ཐོབ་རྐྱབ་སྟེ་ རྒྱུག་འགྱོ་མིའི་ནང་ མི་གྲངས་ ༡༢༡ ལུ་ ཤི་རྐྱེན་བྱུང་ནུག།
དེ་ཡང་ རང་བསྐོས་ཆོས་བཤདཔ་ བྷོ་ལེ་བཱ་བ་ཟེར་མི་ཅིག་གིས་ ཧིན་དུའི་ཆོས་ཕྱོགས་ཀྱི་དུས་སྟོན་ ས་གཙང་ཟེར་མི་དེ་ འགོ་འདྲེན་འཐབ་པའི་སྐབས་ལུ་ ཚད་ལས་བརྒལ་བའི་ མི་མང་སྤུངས་འཛོམས་འབད་མི་ལུ་བརྟེན་ཏེ་ རྐྱེན་ངན་དེ་ བྱུང་ཡོདཔ་ལས་ ཁྲིམས་སྲུང་འགག་སྡེ་གིས་ དུས་སྟོན་འགོ་འདྲེན་འཐབ་མི་ གཙོ་བོ་ཚུ་ལུ་་ ཉེས་འཛུགས་ཡང་འབད་ཡོདཔ་ཨིན་པས།
དུས་སྟོན་གྱི་ཉིན་མར་ ས་གོ་དེ་ནང་ ཆར་ཆུ་འཁྱིལ་ཏེ་ ལམ་འགྱོ་ནི་ལུ་ དཀའ་ངལ་ཐོན་ཡོདཔ་ལས་ དུས་སྟོན་དེ་ འགོ་འདྲེན་འཐབ་མི་ཚུ་གིས་ ས་སྤག་ཅུང་ཚུ་ བཀལ་ཏེ་ཡོད་མིའི་ནང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ཤི་རྐྱེན་བྱུང་མི་ཚུ་གི་ གོ་ལ་དང་ ལྷམ་ཚུ་གིས་ གང་སྟེ་ཡོདཔ་སྦེ་མཐོང་ནུག།
རྐྱེན་ངན་དེ་ནང་ ཤི་རྐྱེན་བྱུང་མི་ མང་ཤོས་ཅིག་ ཨམ་སྲུ་ཚུ་ཨིནམ་ད་ རྐྱེན་ངན་དེ་ཡང་ དུས་སྟོན་གྱི་ སྨོན་ལམ་ཚུ་ མཇུག་བསྡུ་བའི་ཤུལ་ལུ་ བྷོ་ལེ་བཱ་བ་ སྣུམ་འཁོར་ནང་ འཛུལ་འགྱོཝ་ད་ བྱིན་རླབས་ཞུ་ནིའི་དོན་ལས་ མི་ཚུ་གིས་ ག་ཐོབ་རྐྱབ་སྟེ་ སྣུམ་འཁོར་གྱི་ འཁོར་ལོ་འོག་གི་ ས་དབོགས་པར་འགྱོ་བའི་སྐབས་ལུ་ བྱུང་ཡོདཔ་ཨིན་པས།
དེ་མ་ཚད་ མི་ལ་ལོ་ཅིག་ གང་མགྱོགས་ཐོག་ལས་ བྷོ་ལེ་བཱ་བའི་ སྣུམ་འཁོར་བལྟ་བར་ འགྱོ་བའི་བར་ན་ལས་ ཨམ་སྲུ་ལེ་ཤ་ཅིག་ གཞུང་ལམ་གྱི་ སྦོ་ལོགས་ཁར་ཡོད་མི་ བཙོག་གཡུར་ནང་ གཅིག་གི་ལྟག་ལུ་གཅིག་བརྩེགས་ཏེ་ བུད་སར་མཐོང་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: