
བི་བི་སི།
ཡུ་ཨེཛ་གི་སྲིད་འཛིན་ ཇཱོ་བ་ཡེ་ཌེན་གྱིས་ འདས་པའི་བདུན་ཕྲག་ནང་ སྲིད་འཛིན་བཙག་འཐུའི་ རྩོད་འགྲན་སྐབས་ལུ་ རྩོད་བསྡུར་ལེགས་ཤོམ་སྦེ་ འབད་མ་ཚུགས་པའི་ཤུལ་ལུ་ ཁོ་རའི་མ་འོངས་པའི་སྐོར་ལས་ བསམ་ཞིབ་འབད་བའི་ སྙན་ཞུ་ཚུ་ཡོད་རུང་ སྤྱི་ཟླ་ ༧ པའི་ཚེས་ ༣ ལུ་ ཇཱོ་བ་ཡེ་ཌེན་གྱིས་ སྲིད་འཛིན་བཙག་འཐུའི་ནང་ལས་ ཕྱིར་ཐོན་མི་འབད་ཟེར་ བཤད་ཡོདཔ་ཨིན་པས།
དེ་ཡང་ མི་མང་ཤོས་ཅིག་གིས་ར་ དུས་ཅི་ སྤྱི་ཟླ་ ༡༡ པའི་ སྲིད་འཛིན་བཙག་འཐུའི་ནང་ ཇཱོ་བ་ཡེ་ཌེན་གྱི་ཚབ་ལུ་ ཀ་མ་ལ་ཧ་རིཛ་གིས་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ འགྲན་བསྡུར་འབད་ནི་ཨིན་པའི་ འཆར་སྣང་ཚུ་བཀོད་ནུག།
ཨིན་རུང་ སྲིད་འཛིན་བ་ཡེ་ཌེན་དང་ སྲིད་འཛིན་འོགམ་ ཀ་མ་ལ་ཧ་རིཛ་ ༢ ཝ་ཡིཊ་ཧ་འུཛ་ནང་སྦེ་ གཞན་ག་ཡང་མེད་པར་ གསོལཝ་བཞེས་པའི་ཤུལ་ལས་ སྲིད་འཛིན་གོང་འོགམ་ ༢ ཀྱིས་ སྲིད་ཚོགས་ཀྱི་ བསྐུལ་བསྒྲགས་ཚུ་འབདཝ་ད་ ཇཱོ་བ་ཡེ་ཌེན་གྱིས་ ཁོ་ར་ ཌེ་མོ་ཀེར་ཊིག་ སྲིད་ཚོགས་ཀྱི་ འདེམས་ངོ་ཨིནམ་ལས་ ག་གིས་ཡང་ ཕྱིར་བཏོན་འབད་མི་ཚུགས་ནི་ཨིན་པའི་ཁར་ ཁོ་ར་གིས་ཡང་ ཕྱིར་འཐོན་མི་འབད་ཟེར་ བཤད་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ བཙག་འཐུའི་དོན་ལས་ མ་དངུལ་གྱི་ རྒྱབ་སྐྱོར་འཚོལ་ཐབས་ལུ་སྤེལ་མི་ གློག་འཕྲིན་ནང་ཡང་ བ་ཡེ་ཌེན་གྱིས་ ད་རེས་ཀྱི་ བཙག་འཐུ་མཇུག་མ་བསྡུ་ཚུན་ཚོད་ དགོངས་ཞུ་མི་འབད་ནི་ཨིནམ་སྦེ་བཀོད་ནུག།
མ་གཞི་ སྐྱེས་ལོ་ ༨༡ འབད་མི་ ཇཱོ་བ་ཡེ་ཌེན་གྱིས་ སྲིད་འཛིན་གྱི་ རྩོད་འགྲན་སྐབས་ལུ་ དྲི་བ་ལེ་ཤ་ཅིག་གི་ ལན་འཇལ་མ་ཚུགས་པའི་ཁར་ སྐད་ཤུགས་ཡང་མེདཔ་ལས་ ཁོ་རའི་སྲིད་ཚོགས་ནང་འཁོད་ལུ་ བ་ཡེ་ཌེན་དེ་ སྲིད་འཛིན་གྱི་ འདེམས་ངོ་འབད་ནི་གི་ འོས་འབབ་དང་ རྒྱལ་ཁ་འཐོབ་ནི་གི་ ལྕོགས་གྲུབ་སྐོར་ལས་ ཚ་གྱང་ལང་ཡོདཔ་ཨིན་པས།
དེ་མ་ཚད་ བཙག་འཐུའི་སྔ་གོང་གི་ མི་མང་བསམ་འཆར་བསྡུ་ལེན་ནང་ཡང་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ལས་ རེ་པབ་ལི་ཀཱན་ སྲིད་ཚོགས་ལུ་ འོས་འབབ་ཡོད་པའི་ བརྡ་མཚོན་སྟོནམ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1315
Users Yesterday : 1303
This Month : 66987
This Year : 295828
Total Users : 1007644
Views Today : 3197
Total views : 2929229
Who's Online : 14