
རང་ཟླ་ ༦ པའི་ཚེས་ ༡ སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ འབྲུག་གི་སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པ་ གྲོལ་སྟོན་རྟེན་འབྲེལ་ནང་ མི་དབང་མངའ་བདག་རིན་པོ་མཆོག་གིས་ དབུ་བཞུགས་མཛད་གནང་ཡི།
སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ འགོ་བཙུགས་གནང་མི་ རྒྱལ་ཡོངས་ཚོགས་འདུ་ཆེན་མོའི་ནང་ རྒྱལ་སྤྱིའི་ཆིངས་ཡིག་ ༡ བརྩིས་ཏེ་ དཔྱད་ཡིག་ ༤ ཆ་འཇོག་མཛད་ཡོདཔ་མ་ཚད་ འཆར་གཞི་ ༡༣ པའི་ འཆར་དངུལ་ཡོངས་བསྡོམས་ དངུལ་ཀྲམ་ཐེར་འབུམ་ ༥༡༢.༢༨༥ ཡང་ ཆ་འཇོག་མཛད་གནང་ནུག།
དེ་ལས་ སྤྱི་ཚོགས་ཀྱི་ བལྟ་རྟོག་ལས་འགན་གྱི་ ཆ་ཤས་ཅིག་སྦེ་ དཔལ་འབྱོར་དང་ མི་སྡེ་ གོང་འཕེལ་གྱི་ གནད་དོན་ཚུ་གི་ དྲི་བཀོད་ལས་རིམ་ནང་ དྲི་བ་ཡོངས་བསྡོམས་ ༤༩ འབདཝ་ད་ ངག་ཐོག་གི་ དྲི་བ་ ༤༠ དང་ ཡིག་ཐོག་གི་ དྲི་བ་ ༩ བཀོད་ཡོདཔ་ཨིན་པས།
རྒྱལ་ཡོངས་ཚོགས་འདུའི་ ཚོགས་ཆུང་དང་ འཐུས་མི་ཚུ་གིས་ གྲོས་དོན་ཁག་ ༦ ཕུལ་ཏེ་ ཆ་འཇོག་མཛད་མི་ཚུ་ཡང་ ཤེས་རིག་ལས་ཁུངས་ལུ་ སྲིད་དོན་གྱིས་ བར་འཛུལ་འབད་མི་ཚུགས་ནིའི་དོན་ལུ་ ཤེས་རིག་དཔྱད་ཡིག་ཅིག་ བརྩམ་གནང་དགོཔ་དང་། གཞུང་གིས་ ལོ་ཐོག་དང་ སྒོ་ནོར་གྱི་ རྒུད་འཐུས་བྱིན་ནིའི་དོན་ལུ་ བློ་གཏད་མ་དངུལ་ གཞི་བཙུགས་འབད་ནི་སྦེ་ ཆ་འཇོག་མཛད་ནུག།
བློན་ཆེན་གྱིས་ རྒྱལ་གཞུང་ཞི་གཡོག་ལྷན་ཚོགས་དང་གཅིག་ཁར་ གསུང་གྲོས་གནང་སྟེ་ ཞི་གཡོག་གི་ MaX ཟེར་མིའི་ ལམ་ལུགས་བསྐྱར་ཞིབ་འབད་ནི་དང་ ཞི་གཡོགཔ་ཚུ་གི་ ལཱ་གི་དབྱེ་རིམ་ དབྱེ་ཞིབ་འབད་ནིའི་དོན་ལུ་ Bell-Curve ཟེར་མིའི་ ཐབས་ལམ་འདི་ ཆ་མེད་གཏང་དགོ་པའི་ གནད་དོན་དང་། ནུས་ཤུགས་དང་ རང་བཞིན་འཐོན་སྐྱེད་ལྷན་ཁག་གིས་ མི་རློབས་མང་སའི་ ས་ཁོངས་ནང་ཡོད་མི་ གློག་མེ་རྒྱུན་ཐག་གི་ཀཝ་ཚུ་ ཉེན་སྲུང་དང་ལྡན་པའི་ ས་ཁོངས་ཚུ་ནང་ སྤོ་བཤུད་འབད་ནིའི་དོན་ལུ་ མ་དངུལ་བཀོ་བཀྲམ་འབད་དགོཔ་མ་ཚད་ སྒེར་གྱི་ས་ཆའི་ནང་ཚུད་མི་ཚུ་ལུ་ཡང་ རྒུད་འཐུས་དང་ ཡང་ཅིན་ ས་ཚབ་གནང་དགོ་པའི་ གྲོས་ཆོད་མཛད་ཡོདཔ་ཨིན་པས།
གསོ་བའི་ལྷན་ཁག་གིས་ གསོ་བའི་ཞབས་ཏོག་ཚུ་ རྒྱུན་ཆད་མེད་པར་ བྱིན་ཐབས་ལུ་ ལྷན་ཁག་དང་ རྒྱལ་ཡོངས་གསོ་བའི་ ཞབས་ཏོག་ལས་སྡེའི་ གཞི་བཀོད་ཚུ་ བསྐྱར་ཞིབ་འབད་དགོཔ་དང་། གཞུང་གིས་ རྩིས་ལོ་ཤུལ་མའི་ནང་ གཙོ་རིམ་གོང་འཕེལ་མ་དངུལ་གྱི་དོན་ལུ་ མ་དངུལ་ལངམ་སྦེ་ བགོ་བཀྲམ་འབད་དགོ་པའི་ གྲོས་ཆོད་ཡང་མཛད་ནུག།
དེ་བཟུམ་སྦེ་ རྩིས་ལོ་ ༢༠༢༤-༢༠༢༥ གི་ འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་དང་ རྩིས་ལོ་ ༢༠༢༣-༢༠༢༤ གི་ ལྷན་ཐབས་འཆར་དངུལ་དཔྱ་བགོའི་ དཔྱད་ཡིག་ ༢ ཆ་འཇོག་གྲུབ་པའི་ཁར་ འབྲུག་གི་གཉེན་འབྲེལ་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མ་དང་ འབྲུག་གི་རྒྱལ་ཡོངས་ཚོགས་འདུའི་ (འཕྲི་སྣོན) དཔྱད་ཡིག་ ༢༠༢༤ ཅན་མ་ཡང་ ཆ་འཇོག་མཛད་ཡོདཔ་ཨིན་པས།
དེ་མ་ཚད་ སྤྱི་ལོ་ ༢༠༢༤-༢༠༢༥ གི་དོན་ལུ་ ལོ་བསྟར་འཆར་དངུལ་གྱི་ དངུལ་སྤྲོད་ལེན་དང་ སྐྱིན་འགྲུལ་ཚུ་བརྩིས་ཏེ་ མ་དངུལ་ས་ཡ་ ༩༧,༦༢༨.༨༣༩ ལས་ མ་བརྒལཝ་སྦེ་ ཆ་འཇོག་མཛད་ཡོདཔ་ད་ རྩིས་ལོ་ ༢༠༢༣-༢༠༢༤ གི་དོན་ལུ་ གྲོགས་རམ་ཕུལ་བའི་ ལས་སྣ་དང་ ལག་རྩལ་སྙོམ་སྒྲིག་གི་དོན་ལུ་ཡང་ འཆར་དངུལ་ས་ཡ་ ༣,༢༢༤.༩༢༤ ལས་ མ་བརྒལཝ་སྦེ་ ཆ་འཇོག་མཛད་ནུག།
དེ་ལས་ འབྲུག་གཞུང་དང་ ཀུ་ཝེཊ་གཞུང་གི་བར་ན་ མཁའ་འགྲུལ་ཞབས་ཏོག་གི་ གན་རྒྱ་ ༢༠༢༤ ཅན་མ་ རྒྱབ་སྣོན་ཆ་སྦྱོར་མཛད་དེ་ རྒྱལ་ཡོངས་ཚོགས་སྡེ་ལུ་ ཕུལ་ཡོད་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1408796
Views Today :
Total views : 5000
Who's Online :