
སི་ཨེན་ཨེན།
སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ པེ་ལིཛ་ཊིན་གྱི་ ཁྲོམ་ཚོགས་ག་ཟ་ལུ་ སྐྱབས་བཅོལ་བ་སྦེ་ སྡོད་མི་ཚུ་ག་ར་ ག་ཟའི་ལྷོ་ཕྱོགས་དང་ དབུས་ཕྱོགས་ལུ་ གནས་སྤོ་འགྱོ་དགོ་པའི་ གསལ་བསྒྲགས་འབད་ནུག།
དེ་ཡང་ ག་ཟའི་བྱང་ཕྱོགས་ལུ་ དམག་འཁྲུག་ཚབས་ཆེན་སྦེ་ ལང་ནི་དེ་གིས་ཨིནམ་ད་ གསལ་བསྒྲགས་དེ་ཡང་ ཤོག་གུའི་ནང་བཀོད་དེ་ གནམ་གྲུའིནང་ལས་ བཀོག་ཡོདཔ་ད་ དེ་བཟུམ་མའི་ གསལ་བསྒྲགས་འབད་མི་ལུ་ འཛམ་གླིང་སྤྱི་ཚོགས་ཀྱི་ ཁ་ཐུག་ལས་ ཚ་གྱང་ལང་སྟེ་ཡོདཔ་ཨིན་པས།
འདས་པའི་བདུན་ཕྲག་ ༢ ཀྱི་ནང་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ཧ་མཱཛ་གི་ དམག་མི་ཚུ་ཡོད་པའི་ ཡིད་ཆེས་ཡོད་མི་ མངའ་སྡེ་ ༢ ཀྱི་ནང་ བཙན་འཛུལ་འབད་ཡོདཔ་ད་ ཧ་མཱཛ་གི་ ཁ་ཐུག་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཨིཛ་རེལ་གྱིས་ ད་རེས་ ཀ་ཏར་ལུ་ དམག་འཁྲུག་མཚམས་འཇོག་གི་ གསུང་གྲོས་གནང་དོ་ཡོད་མི་ཚུ་ མེདཔ་བཏང་ནི་གི་ ཉེན་ཁ་འདུག་ཟེར་ཨིན་པས།
གསུང་གྲོས་དེ་ནང་ ཨི་ཇིབ་དང་ ཡུ་ཨེཛ་ ཨིཛ་རེལ་ ཀ་ཏར་གྱི་ བློན་ཆེན་ཚུ་གིས་ གྲལ་གཏོགས་མཛད་དེ་ཡོདཔ་ད་ ཧ་མཱཛ་གི་ འགོ་དཔོན་མཐོ་ཤོས་ ཧ་སཱམ་བ་ད་རཱན་གྱིས་ ཨིཛ་རེལ་གྱི་ཁ་ཐུག་ལས་ རྫས་བམ་བཀོག་ནི་དང་ མི་སེར་བདའ་ནི་ དེ་ལས་ དམར་བསད་འབད་ནི་ཚུ་ རྒྱ་སྐྱེད་ཐོག་ལས་ འགྲིག་ཆ་བཟོ་ནི་གི་ལཱ་དེ་ མེདཔ་བཏང་ཐབས་འབདཝ་མས་ཟེར་བཤད་ནུག།
ཨིན་རུང་ ཨིཛ་རེལ་གྱི་བློན་ཆེན་ བེན་ཇ་མིན་ ནེ་ཏ་ནི་ཡ་ཧུ་གིས་ འགྲིག་ཆ་བཟོ་ནི་ལུ་ ཁས་ལེན་ཡོད་ལུགས་ཚུ་ བཤད་ཡོདཔ་ཨིན་པས།
ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟ་ལུ་ སྐྱབས་བཅོལ་བ་སྦེ་ སྡོད་མི་ཚུ་ གནས་སྤོ་འགྱོ་དགོ་པའི་ གསལ་བསྒྲགས་འབད་བའི་ཤུལ་ལས་ ལ་ལོ་ཅིག་ གནས་སྤོ་ཡོད་རུང་ ལ་ལོ་ཅིག་གིས་ འགྱོ་མ་བཏུབ་ཨིན་པས།
ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་འགོ་བཙུགས་ཞིནམ་ལས་ ད་ཚུན་གྱི་བར་ན་ ག་ཟ་ཁྲོམ་ཚོགས་ལུ་ མི་གྲངས་ ༣༥,༢༩༥ ལྷགཔ་ཅིག་ དམར་བསད་འབད་མིའི་གྲས་ལས་ མི་གྲངས་ ༡༤,༦༨༠ དེ་ཅིག་གི་རྩིས་ ཨ་ལོ་དང་ ཨམ་སྲུ་ རྒན་རྒས་ཚུ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 960
Users Yesterday : 6933
This Month : 65329
This Year : 294170
Total Users : 1005986
Views Today : 8235
Total views : 2924652
Who's Online : 8