
སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཕྱི་འབྲེལ་དང་ ཕྱིར་ཚོང་ལྷན་ཁག་གི་བློན་པོ་ ཌི་ཨེན་དུང་གེལ་གྱིས་ རྒྱ་གར་དིལླི་ལུ་ འཚོགས་གནང་མི་ བིམ་སི་ཊེག་གི་ ཕྱི་འབྲེལ་བློན་པོ་ཚུ་གི་ སྐྱིད་གནས་ཞལ་འཛོམས་ ཐེངས་ ༢ པའི་ནང་ གྲལ་གཏོགས་མཛད་ཡོདཔ་ཨིན་པས།
དེ་ཡང་ བིམ་སི་ཊེག་ ཕྱི་འབྲེལ་བློན་པོ་ཚུ་གི་ སྐྱིད་གནས་ཞལ་འཛོམས་ནང་ལས་ འཐུས་མི་རྒྱལ་ཁབ་ཚུ་གིས་ བི་སི་ཊེག་གི་ སྒྲིག་བཀོད་འོག་ལུ་ མཉམ་འབྲེལ་གཏིང་ཟབ་ བཟོ་ནི་དང་ རྒྱ་སྐྱེད་གཏང་ནི་གི་ ཐབས་ལམ་ཚུ་གི་ གོ་སྐབས་འཐོབ་དོ་ཡོད་པའི་ཁར་ སྐྱིད་གནས་ཞལ་འཛོམས་དེ་ སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༩ པའི་ནང་ མཐའ་ཡས་ལེན་ལུ་ འཚོགས་གནང་ནི་ཨིན་མི་ བིམ་སི་ཊེག་གི་ དབུ་ཁྲིད་ཞལ་འཛོམས་ཀྱི་ སྔོན་འགྲོའི་ཞལ་འཛོམས་སྦེ་ འགོ་འདྲེན་འཐབ་ནུག།
ད་རེས་ སྐྱིད་གནས་ཞལ་འཛོམས་དེ་ནང་ ཕྱི་འབྲེལ་བློན་པོ་ཚུ་གིས་ ཚོང་འབྲེལ་དང་ བཟའ་ཆས་ཉེན་སྲུང་ མཐུད་སྦྲེལ་ དེ་ལས་ ལམ་སྲོལ་བརྗེ་སོར་དང་ མི་སེར་ཚུ་གི་བར་ན་ འབྲེལ་བ་འཐབ་ནི་ལ་སོགས་པའི་སྐོར་ལས་ གསུང་གྲོས་ཚུ་ གནང་ཡོདཔ་ཨིན་པས།
དེ་བསྒང་ བློན་པོ་དུང་གེལ་གྱིས་ བིམ་སི་ཊེག་གི་ འཐུས་མི་རྒྱལ་ཁབ་ཚུ་གི་བར་ན་ དཔལ་འབྱོར་གོང་འཕེལ་དང་ བལྟ་བཤལ་ ལམ་སྲོལ་བརྗེ་སོར་ཚུ་ནང་ མཉམ་འབྲེལ་གྱི་ གོ་སྐབས་ཚུ་གི་སྐོར་ལས་ གཙོ་བོར་བཟུང་སྟེ་ གསལ་བཤད་གནང་ནུག།
བློན་པོ་དུང་གེལ་དེ་ དིལླི་ལུ་ བཞུགས་པའི་སྐབས་ རྒྱ་གར་གྱི་ བློན་ཆེན་དང་ ཕྱི་འབྲེལ་བློན་པོ་ དེ་ལས་ ཕྱི་འབྲེལ་དྲུང་ཆེན་ཚུ་དང་གཅིག་ཁར་ མཇལ་ཕྲད་མཛད་ཡོདཔ་ཨིན་པས།
འབྲུག་རྒྱལ་ཁབ་འདི་ བིམ་སི་ཊེག་གི་ འཐུས་མི་སྦེ་ སྤྱི་ལོ་ ༢༠༠༤ ལུ་ འཛུལ་ཡོདཔ་ད་ ད་རེས་ འབྲུག་དང་ བང་ལ་དེཤ་ རྒྱ་གར་ མ་ཡཱན་མར་ ནེ་པཱལ་ མཐའ་ཡས་ལེན་ ཤྲཱི་ལངྐ་ཚུ་འབདཝ་ད་ འཐུས་མི་རྒྱལ་ཁབ་ ༧ ཡོདཔ་ཨིན་པའི་གནས་ཚུལ།




Users Today : 1041
Users Yesterday : 1379
This Month : 1041
This Year : 229882
Total Users : 941698
Views Today : 2707
Total views : 2741750
Who's Online : 12