
ལོ་ལྔའི་འཆར་གཞི་ ༡༣ པ་འདི་ སྔོན་ཆད་མ་བྱུང་པའི་ མ་དངུལ་བགོ་བཀྲམ་གྱི་ཚད་གཞི་ཁར་ ལག་ལེན་འཐབ་ནི་ལུ་ གྲ་སྒྲིག་འབད་བའི་ གནས་སྐབས་ནང་ མི་རྗེ་བློན་ཆེན་མཆོག་གིས་ ལྷན་ཁག་དང་ ལས་སྡེ་ཡོངས་ཀྱི་ ལོ་བསྟར་ལཱ་གི་ འཆར་གཞི་ཚུ་ལུ་ བསྐྱར་ཞིབ་མཛད་ནི་ འགོ་བཙུགས་གནང་ནུག།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ སོ་ནམ་དང་ སྒོ་ནོར་ལྷན་ཁག་དང་ འབྲུག་གཞུང་འཕྲུལ་རིག་ལས་སྡེའི་ ལོ་བསྟར་ལཱ་གི་ འཆར་གཞི་ལས་སྦེ་ འགོ་བཙུགས་གནང་ཡོདཔ་ཨིན་པས།
བསྐྱར་ཞིབ་དེ་ནང་ སོ་ནམ་དང་ སྒོ་ནོར་ལྷན་ཁག་དང་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་ ༢ ཀྱིས་ རྩིས་ལོ་ ༢༠༢༤-༢༥ གི་ འཆར་གཞི་དང་ ལས་རིམ་ དེ་ལས་ ལས་དོན་ཚུ་གི་ སྙན་ཞུ་ཚུ་ཕུལ་ནུག།
མི་རྗེ་བློན་ཆེན་གྱི་ གཟིགས་སྣང་ལུ་ ང་བཅས་ཀྱིས་ འཆར་གཞི་བརྩམ་ནི་དང་ ལས་འགུལ་ཡིག་ཆ་ཚུ་ ག་ནི་བ་ཡང་ ལེགས་ཤོམ་སྦེ་ བརྩམས་ཚུགས་ཏེ་འབད་རུང་ མཐར་ཐུག་གི་ གྲུབ་འབྲས་ཚུ་ མངོན་གསལ་ཅན་སྦེ་ བཀོད་མ་ཚུགས་པར་ཡོད་མི་དེ་ཡང་ དཔེར་ན་ དོན་སྨིན་ཅན་གྱི་ འཆར་གཞི་ཚུ་ བརྩམ་ནི་ལུ་ དགོས་མཁོ་ཆེ་བའི་ སོ་ནམ་ཞིང་པ་ཚུ་གི་ ངོ་རྐྱང་འཐོན་སྐྱེད་དང་ ཡང་ཅིན་ སྡེ་ཚན་གྱི་ འཐོན་སྐྱེད་ལ་སོགས་པའི་ གནད་སྡུད་ངོ་མ་ མེད་པའི་ཁར་ ཁོང་གིས་ ལོ་བསྟར་བཞིན་དུ་ འབབ་ཁུངས་ག་དེམ་རེ་ བཟོ་དོ་ག་ཚུ་གི་སྐོར་ལས་ཡང་ འཐོབ་མ་ཚུགས་པར་ཡོད་ཟེར་ཨིན་པས།
མི་རྗེ་བློན་ཆེན་གྱིས་ མི་སེར་ཚུ་ལུ་ མི་མང་ཞབས་ཏོག་ཚུ་གི་ གོ་སྐབས་ཚུ་ཡང་ སྔར་བ་ལྷག་སྟེ་ འཇམ་ཏོང་ཏོ་སྦེ་ འཐོབ་ནི་ཡོདཔ་ བཟོ་དགོ་པའི་སྐོར་ལས་ ཡང་བསྐྱར་དུ་གསུངས་ནུག།
དེ་ལས་ མ་འོངས་འཕྲལ་གྱི་ཟླཝ་ཚུ་ནང་ ལག་ལེན་འཐབ་ནི་གི་ གཙོ་རིམ་ཚུ་གི་གྲས་ཁར་ དངུལ་སྤྲོད་ལེན་གྱི་ཐབས་ལམ་ འཇོན་སྟངས་ཅན་ཅིག་ གཞི་བཙུགས་འབད་ནི་དང་ ཡོངས་འབྲེལ་དང་ འགྲུལ་འཕྲིན་སྤྱོད་ཁྲལ་ཚུ་ མར་ཕབ་འབད་ནི། གཅིག་སྒྲིལ་ཅན་གྱི་ མི་མང་ཞབས་ཏོག་ལྟེ་བ་ གསར་བཏོད་འབད་ནི། མི་སྡེའི་ཞབས་ཏོག་ལྟེ་བ་ཚུ་ བཙན་ཐབས་འབད་ནི་དང་ གཞུང་གི་ཞབས་ཏོག་གཙོ་བོ་ཚུ་ འབྲེལ་འཐབ་གཞི་སྟེགས་གཅིག་གི་ནང་ལས་ འཐོབ་ཚུགསཔ་བཟོ་ནི་ཚུ་ཨིན་པས།
ད་ལས་ཕར་ ལག་ལེན་གྱི་ མདུན་ལམ་གསལ་ཏོག་ཏོ་དང་ དུས་ཡུན་དང་འབྲེལ་བའི་ གྲུབ་འབྲས་ཚུ་ གསལ་རིལ་རིལ་ཡོད་པའི་ མངོན་གསལ་ཅན་གྱི་ འཆར་གཞི་བརྩམ་ནི་ལུ་ ལྕོགས་གྲུབ་འོང་དགོ་ཟེར་ གསུངས་ཡོད་མི་དེ་ཡང་ འཆར་གཞི་ཚུ་གི་ ལག་ལེན་འགོ་བཙུགས་པའི་ཤུལ་ལུ་ ལས་དོན་རེ་རེར་ ཟླ་རིམ་ བཞིན་དུ་ བལྟ་ཞིབ་ཚུ་ དམ་ཟབ་ཐོག་ལས་ ལག་ལེན་འཐབ་དགོ་ཟེར་ གསུངས་ཡོད་པའི་གནས་ཚུལ།





Users Today : 1017
Users Yesterday : 1379
This Month : 1017
This Year : 229858
Total Users : 941674
Views Today : 2645
Total views : 2741688
Who's Online : 6