
སྤྱི་ཟླ་ ༧ པའི་ཚེས་ ༡༢ ལུ་ མི་རྗེ་བློན་ཆེན་མཆོག་གིས་ འབྲུག་གཞུང་འཕྲུལ་རིག་ལས་སྡེ་གིས་ གོང་འཕེལ་བཏང་ཡོད་མི་ རྒྱལ་ཡོངས་ཨང་གནས་ཐབས་བྱུས་དང་ བརྡ་དོན་འཕྲུལ་རིག་ཚོགས་པ་ འགོ་འབྱེད་མཛད་ནུག།
དེ་ཡང་ ཀ་ཆེན་ ༣ དང་ དམིགས་གཏད་ ༩ གི་ཐོག་ལས་ བཀོད་སྒྲིག་འབད་མི་ རྒྱལ་ཡོངས་ཨང་གནས་ཐབས་བྱུས་དེ་གིས་ དཔལ་འབྱོར་ཡར་འཕར་དང་ མི་མང་ལུ་ ཞབས་ཏོག་སྤྲོད་ནི་གི་ འཇོན་སྟངས་ཡར་དྲག་གཏང་ནི་ལུ་ ཨང་གནས་གཞི་སྒྱུར་གྱི་ མདུན་ལམ་ཡོངས་རྫོགས་ཅིག་སྦེ་ ལག་ལེན་འཐབ་ཚུགས་ནི་ཨིན་པས།
དེ་བསྒང་ མི་རྗེ་བློན་ཆེན་གྱིས་ འགན་འཁྲིའི་གལ་གནད་ལུ་ གཙོ་བོར་བཟུང་ཐོག་ལས་ རྒྱལ་ཡོངས་ཨང་གནས་ཐབས་བྱུས་ཀྱིས་ ཀུན་སློང་བསྐྱེད་པའི་ འཐོན་འབྲས་ཚུ་ འགྲུབ་ནི་ཡོདཔ་ ངེས་གཏན་བཟོ་ནི་ལུ་ དགོས་མཁོ་ཡོད་པའི་ རྒྱབ་སྐྱོར་ཚུ་གནང་ནི་དེ་ གཞུང་གི་ཁས་ལེན་ཨིན་ཟེར་ ཡང་བསྐྱར་དུ་གསུངས་ནུག།
དེ་བཟུམ་སྦེ་ བརྡ་དོན་འཕྲུལ་རིག་ཚོགས་པ་གིས་ ང་བཅས་རའི་ བརྡ་དོན་འཕྲུལ་རིག་ལས་སྡེའི་ནང་ སྙིང་རུས་བསྐྱེད་དེ་ ལཱ་ཚུ་འབད་ནི་དང་ གསར་བཏོད་ཚུ་འབད་དགོ་པའི་ ནན་བསྐུལ་མཛད་ཡོད་པའི་ཁར་ བརྡ་དོན་འཕྲུལ་རིག་དེ་ ག་ནི་བ་ཡང་ མགྱོགས་དྲགས་སྦེ་ གོང་འཕེལ་འགྱོཝ་ལས་ ང་བཅས་རའི་ རྒྱལ་ཁབ་འདི་ གོམ་ཚད་འདྲ་མཉམ་སྦེ་ སྤོ་མ་ཚུགས་པར་ རྒྱབ་ཁར་ལུས་ནི་གི་ ཉེན་ཁ་ཡོད་ཟེར་ཡང་ གསུངས་ཡོདཔ་ཨིན་པས།
མི་རྗེ་བློན་ཆེན་མཆོག་གིས་ གསོ་བའི་བློན་པོ་དང་ གསོ་བའི་དྲུང་ཆེན་ ལྷན་ཁག་གི་ བཀོད་ཁྱབ་དང་ ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་ཐོག་ལས་ གསོ་བའི་ལྷན་ཁག་གི་ ལོ་བསྟར་ལཱ་གི་ འཆར་གཞི་དེ་ཡང་ བསྐྱར་ཞིབ་མཛད་ནུག།
ལྷན་ཁག་གི་ཁ་ཐུག་ལས་ སྨན་ཁང་བཟོ་བསྐྲུན་དང་ སྨན་བཅོས་འཕྲུལ་ཆས་ཡར་སེང་ གསོ་བའི་ལས་གཡོགཔ་ཚུ་ བདག་འཛིན་འབད་ཐབས་ལུ་ ཐབས་བྱུས་གོང་འཕེལ་དང་ གསོ་བའི་ཞབས་ཏོག་ཚུ་ ལེགས་སྒྱུར་འབད་དགོ་པའི་ བཀོད་རྒྱ་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།




Users Today : 4330
Users Yesterday : 3320
This Month : 94774
This Year : 390740
Total Users : 1102557
Views Today : 7360
Total views : 3078420
Who's Online : 20