བང་ལ་དེཤ་ལུ་ གཞུང་གཡོག་གི་ ཐོབ་ལམ་སྐོར་ལས་ ཟིང་འཁྲུག་ལང་མིའི་ནང་ མི་གྲངས་ ༦ ལུ་ཤི་རྐྱེན

བི་བི་སི།
བང་ལ་དེཤ་ལུ་ གཞུང་གཡོག་ཐོབ་ལམ་གྱི་སྐོར་ལས་ ཟིང་འཁྲུག་ལང་མིའི་ནང་ མི་གྲངས་ ༦ ལུ་ ཤི་རྐྱེན་བྱུང་ཡོདཔ་ལས་ གནས་སྐབས་ཅིག་ སློབ་གྲྭ་དང་ གཙུག་ལག་སློབ་སྡེ་ཚུ་ སྒོ་བསྡམས་བཞག་ནུག།
དེ་ཡང་ གཞུང་གཡོག་གི་ ས་སྟོང་ལ་ལོ་ཅིག་ སྤྱི་ལོ་ ༡༩༧༡ ལུ་ པ་ཀིཛ་ཏཱན་དང་ ཕྱད་མདའ་རྐྱབ་མིའི་ནང་ལས་ དཔའ་བོའི་མིང་གཏམ་ཅན་གྱི་ གཉེན་ཉེཝ་ཚུ་གི་དོན་ལུ་ སྔ་སྲུང་སྦེ་ བཞག་དགོ་པའི་ ལམ་ལུགས་སྐོར་ལས་ གཙུག་ལག་སློབ་སྡེའི་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་གྲེམ་སྟོན་ཚུ་འབད་ཡོདཔ་ད་ དེ་བཟུམ་སྦེ་ གཡོག་གི་ས་སྟོང་ལ་ལོ་ཅིག་ ཨམ་སྲུ་དང་ དབང་པོ་སྐྱོན་ཅན་ མི་རློབས་ཉུང་སུ་ཡོད་མི་ རིགས་རུས་ཚུ་ནང་ ཚུད་མི་ཚུ་གི་དོན་ལུ་ བཞག་དོ་ཡོདཔ་ཨིན་པས།
སློབ་ཕྲུག་ཚུ་གིས་ གཞུང་གཡོག་གི་ ས་སྟོང་གསུམ་དཔྱ་ ༡ དེ་ཅིག་ ཕྱད་མདའི་དཔའ་བོ་ཚུ་གི་ གཉེན་ཉེཝ་ཚུ་གི་དོན་ལུ་ སྔ་སྲུང་སྦེ་ བཞག་མི་དེ་ ཉེ་རིང་ཅན་གྱི་ ལམ་ལུགས་ཅིག་ཨིནམ་སྦེ་ བཤད་པའི་ཁར་ གཞུང་གཡོག་ནང་ བསྐོ་བཞག་གི་ ལམ་ལུགས་དེ་ཡང་ གཟེངས་ཐོན་གུ་ གཞི་བརྟེན་འབད་དགོཔ་སྦེ་ཡང་ཨིན་པས།
བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་གིས་གཙོས་པའི་ ཁྲོམ་ཚོགས་དག་པ་ཅིག་ནང་ར་ དེ་བཟུམ་མའི་ འགྲེམ་སྟོན་འབད་མི་ཚུ་ལུ་ རྒྱབ་སྐྱོར་འབད་མི་དང་ ཨ་ཝ་མི་ལིག་ གཞུང་སྐྱོང་གི་ ཕྱོགས་གཏོགས་ཨིན་མི་ སློབ་ཕྲུག་སྡེ་ཚན་ བང་ལ་དེཤ་ ཅ་ཏར་ལིག་ཟེར་མིའི་བར་ན་ འདས་པའི་བདུན་ཕྲག་ནང་ལས་ ཟིང་འཁྲུག་ལང་མིའི་ནང་ སློབ་ཕྲུག་ཚུ་གིས་ ས་སྤག་ཅུང་དང་ ཤིང་དུམ་ཚུ་ ལག་ལེན་འཐབ་ནུག།
བང་ལ་དེཤ་གི་ གཞུང་གཡོགཔ་ཚུ་གི་ དངུལ་ཕོགས་ཚུ་ མཐོ་སུ་སྦེ་ཡོདཔ་ལས་ མི་སེར་ག་ར་གིས་ གཞུང་གཡོག་ནང་ འཛུལ་ནི་ལུ་ གདམ་ཁ་རྐྱབ་དོ་ཡོད་རུང་ གཡོག་གི་ས་སྟོང་ བརྒྱ་དང་སྟོང་སྦེ་ སྡེ་ཚན་མ་འདྲཝ་ཚུ་གི་དོན་ལུ་ བཞག་དོ་ཡོདཔ་ཨིན་པས།
མ་གཞི་ སྤྱི་ལོ་ ༢༠༡༨ ལུ་ ཨམ་ཧ་སི་ནའི་གཞུང་གིས་ གཡོག་གི་ས་སྟོང་ སྲུང་བཞག་ནི་དེ་ ཆ་མེད་བཏང་ཡོད་རུང་ ཁྲིམས་ཁང་ཅིག་གིས་ ལམ་ལུགས་དེ་ ལོག་སྟེ་ར་ ལག་ལེན་འཐབ་དགོ་པའི་ བཀའ་རྒྱ་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: