ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་ལུ་མདུན་བསྐྱོད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ གནས་ཚུལ་ཅིག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཡུ་ཀེ་རེན་གྱིས་ ར་ཤི་ཡ་དང་གཅིག་ཁར་ ཞི་བདེ་བཟོ་ཐབས་ལུ་ རྒྱལ་སྤྱིའི་གནས་རིམ་ནང་ མོས་མཐུན་གྱི་དོན་ལས་ ལཱ་ཚུ་འབད་དོ་ཟེར་ཨིན་པས།
དེ་ཡང་ སྤྱི་ཟླ་ ༧ པའི་ཚེས་ ༡༡ ལུ་ ཡུ་ཀེ་རེན་གྱི་ རྒྱལ་ཡོངས་ཚོགས་འདུའི་ནང་ ར་ཤི་ཡ་གིས་ དམག་འཁྲུག་མཚམས་འཇོག་འབད་དགོ་པའི་སྐོར་ལས་ ཚོགས་རྒྱན་བཙུགསཔ་ད་ བརྒྱ་ཆ་ ༩༩ གིས་ ཕྱད་མདའ་མཇུག་བསྡུ་གཏང་དགོཔ་དང་ ཡུ་ཀེ་རེན་གྱི་ས་ཁོངས་ ཟ་པོ་རི་ཞི་ཡ་ལུ་ཡོད་མི་ ཡུ་ཀེ་རེན་གྱི་ རྡུལ་ཕྲན་འཕྲུལ་ཁང་དེ་ཡང་ འཛིན་གྲོལ་འབད་དགོ་པའི་ ཚོགས་རྒྱན་བཙུགས་ཡོདཔ་ཨིན་པས།
ར་ཤི་ཡའི་ ཁ་ཐུག་ལས་ ཡུ་ཀེ་རེན་དང་གཅིག་ཁར་ ཕྱད་མདའ་རྐྱབ་དགོ་པའི་ གནད་དོན་གཙོ་བོ་ར་ བྱང་ཨེཊ་ལེན་ཊིག་ཚོགས་པ་གིས་ ཡུ་ཀེ་རེན་རྒྱལ་ཁབ་དེ་ ཚོགས་པ་དེ་གི་ འཐུས་མིའི་གྲས་ཁར་ འཛུལ་ཞུགས་འབད་ཆོགཔ་སྦེ་ བཤད་མི་ལུ་བརྟེན་ ཐོན་ཐོནམ་ཨིནམ་སྦེ་ གསལ་བཤད་འབད་ནུག།
ད་རེས་ བར་སྐབས་ཅིག་ཁར་ ར་ཤི་ཡའི་ དམག་མི་ཚུ་གིས་ ཡུ་ཀེ་རེན་གྱི་ཁྲོམ་ཚོགས་ ཨབ་དིབ་ཀ་དང་ ཏོ་རེཛ་ དེ་ལས་ ཅ་སིབ་ཡར་ཟེར་མི་ཚུ་ནང་ གཙོ་བོར་བཟུང་སྟེ་ དམག་འཛིང་མདུན་བསྐྱོད་འབད་ཡོདཔ་ད་ ས་གནས་གཞན་ཁར་འབད་བ་ཅིན་ ཕྱད་མདའ་རྒྱལ་ཕམ་ཟེརཝ་མེད་རུང་ ར་ཤི་ཡའི་ དམག་མི་ལེ་ཤ་ཅིག་ལུ་ ཤི་རྐྱེན་བྱུང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ ར་ཤི་ཡ་གིས་ ཡུ་ཀེ་རེན་གྱི་ དམག་མིའི་གྲངས་ཚད་ལུ་ ཐོ་ཕོག་བཅུག་ནིའི་དོན་ལས་ ཁར་ཀིབ་ས་ཁོངས་དེ་ཡང་ དམག་འཁྲུག་ས་ཁོངས་སྦེ་ སྒོ་ཕྱེ་ཡོད་རུང་ སྤྱི་ཟླ་ ༥ པ་ལས་ ད་ཚུན་གྱི་བར་ན་ ར་ཤི་ཡའི་ དམག་མི་ ༢,༩༣༩ ལུ་ ཤི་རྐྱེན་དང་ ༦,༥༠༩ ལུ་ རྨ་སྐྱོན་བྱུང་ནུག།
ཁར་ཀིབ་ལུ་ཡོད་མི་ ཐབས་བྱུས་དམག་སྡེའི་འགོ་འཛིན་ ཝིག་ཊོར་སོ་ལིམ་ཅུག་གིས་ བཤད་དོ་བཟུམ་འབད་བ་ཅིན་ ར་ཤི་ཡའི་ དམག་མི་ཚུ་ལུ་ ཤི་རྐྱེན་དང་ རྨ་སྐྱོན་བྱུང་མི་དེ་ ཚོད་རྩིས་རྐྱངམ་གཅིག་ཨིནམ་ད་ དེ་བཟུམ་སྦེ་ བྱང་ཕྱད་ཀྱི་ ཁ་ཐུག་ལུ་ཡང་ གྱོང་རྒུད་བརྒྱ་ཆ་ ༩༡ དེ་ཅིག་ བྱུང་བྱུངམ་འོང་ནི་ཨིནམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: