
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༧ པའི་ཚེས་ ༡༨ ལུ་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གཙོ་འཛིན་གྱིས་ གཅིག་སྒྲིལ་སྲུང་སྐྱོབ་ཀྱི་ འཆར་གཞི་གསརཔ་ཅིག་གི་སྐོར་ལས་ གསལ་བཤད་འབད་མི་དེ་ལུ་ ར་ཤི་ཡ་གིས་ ཡུ་རོབ་རྒྱལ་ཁབ་ཚོགས་པ་དེ་ སྔར་བ་ལྷག་པའི་ གདོང་ཐུག་ཅན་དང་ དྲག་པོའི་དབང་ལུ་ ཐལ་དོ་ཡོད་པའི་ ཉེན་བརྡ་འབད་ནུག།
དེ་ཡང་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་གཙོ་འཛིན་ ཨུར་སུ་ལ་ ཝེན་ཌར་ལེ་ཡེན་གྱིས་ ཤུལ་མའི་ལོ་ངོ་ ༥ གི་ ནང་འཁོད་ལུ་ ས་མཚམས་ཕྱི་ཁ་ལས་ ཉེན་ཁ་ཚུ་ བཟློག་ཐབས་ལུ་ ཡུ་རོབ་ཀྱི་ མཁའ་དབྱིངས་མཚོན་སྐྱོབ་དང་ ཡོངས་འབྲེལ་སྲུང་སྐྱོབ་ཚུ་ཚུད་པའི་ ཡུ་རོབ་ཀྱི་ གཅིག་སྒྲིལ་སྲུང་སྐྱོབ་རིམ་ལུགས་ཅིག་ འགོ་བཙུག་ནི་སྦེ་ བཤད་ནི་དེ་གིས་ཨིན་པས།
ཨུར་སུ་ལ་གིས་ དེ་བཟུམ་མའི་ རིམ་ལུགས་དེ་ ག་དེ་མགྱོགས་མགྱོགས་ ཡུ་རོབ་ཀྱི་ ས་ཁོངས་ནང་ སྒྲིག་བཀོད་ཐོག་ལས་ ཡུ་རོབ་ལུ་ར་ ལག་ལེན་འཐབ་ནི་དང་ ལས་འགུལ་དེ་ཚུ་ འགྲུབ་ཐབས་ལུ་ ལག་ཐོག་ལུ་ཡོད་མི་ སྒྲིག་གཞི་དང་ མ་དངུལ་ལ་སོགས་པའི་ ལག་ཆ་ཡོངས་རྫོགས་ ལག་ལེན་འཐབ་སྟེ་ གོང་འཕེལ་གཏང་ནི་ཨིན་པའི་ གསལ་བཤད་འབད་ནུག།
ར་ཤི་ཡའི་ གཞུང་གི་མགྲིན་ཚབ་ པེཛ་ཀོབ་གིས་ ཨུར་སུ་ལའི་ གྲོས་འཆར་དེ་གིས་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ གཙོ་རིམ་ལུ་ སྒྱུར་བཅོས་ཐོན་མི་དང་ དྲག་པོའི་གནས་སྟངས་ཚུ་གི་ བརྡ་སྟོན་འབདཝ་ཨིནམ་སྦེ་ བཤདཔ་ཨིན་པས།
མ་གཞི་ ར་ཤི་ཡའི་ཁ་ཐུག་ལས་ ཡུ་རོབ་རྒྱལ་ཁབ་ཚོགས་པ་ལུ་ ཉེན་ཁ་ག་ནི་ཡང་མེད་རུང་ ཁོང་གིས་ ཡུ་ཀེ་རེན་གྱི་ དམག་འཁྲུག་དང་འབྲེལ་བའི་ ལཱ་བྱ་འཐབ་མི་ལུ་བརྟེན་ཏེ་ འཆམ་ཁའི་གྲོས་བསྟུན་གྱི་ གོ་སྐབས་མེདཔ་ བཟོ་བའི་ཁར་ ཡུ་རོབ་རྒྱལ་ཁབ་ཚོགས་པའི་ བསམ་སྤྱོད་དང་བསྟུན་ཏེ་ ར་ཤི་ཡའི་ ཕྱི་འབྲེལ་སྲིད་བྱུས་ཚུ་ བསྐྱར་སྒྲིག་མ་འབད་བར་ བྱ་ཐབས་མེད་པའི་ གཞི་ལུ་འགྱུརཝ་ཨིནམ་སྦེ་ཡང་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།



Users Today : 866
Users Yesterday : 4443
This Month : 95753
This Year : 391719
Total Users : 1103535
Views Today : 1352
Total views : 3079982
Who's Online : 21