
སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ ལྡོག་ཕྱོགས་འགོ་ཁྲིདཔ་ དྲགོས་པདྨ་ཚེ་དབང་གིས་ དབུ་ཁྲིད་མཛད་དེ་ ལྡོག་ཕྱོགས་ཚོགས་པ་ བྷུ་ཊཱན་རྟེན་འབྲེལ་ཚོགས་པའི་ རྒྱལ་ཡོངས་ཚོགས་འདུའི་ འཐུས་མི་ཚུ་དང་ བརྡ་བརྒྱུདཔ་ཚུ་གི་བར་ན་ གནས་ཚུལ་ཞལ་འཛོམས་ཅིག་ ཚོགས་གནང་ཡི།
དེ་ཡང་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པར་ ལྡོག་ཕྱོགས་ཚོགས་པའི་ ཉམས་མྱོང་དང་ མཐོང་ཚུལ་ཚུ་ གྲོས་བསྡུར་འབད་ནི་དང་ བརྡ་བརྒྱུདཔ་ཚུ་ལུ་ ལྡོག་ཕྱོགས་ཚོགས་པའི་ འགན་ཁུར་ཚུ་ དུས་མཐུན་བཟོ་ཐབས་ལུ་ཨིན་པའི་ཁར་ དམངས་གཙོའི་རིང་ལུགས་ནང་ བརྡ་བརྒྱུད་གཙུག་སྡེ་ སྒྲིང་སྒྲིང་དགོཔ་ གལ་ཆེ་བའི་སྐོར་ལས་ཡང་ གསལ་བཤད་གནང་ཡི།
སྤྱི་ཟླ་ ༦ པའི་ཚེས་ ༡༢ ལས་ སྤྱི་ཟླ་ ༧ པའི་ཚེས་ ༦ ཚུན་ ཚོགས་གནང་མི་ སྤྱི་ཚོགས་བཞི་པའི་ རྒྱལ་ཡོངས་ཚོགས་ཐེངས་དང་པའི་ནང་ གལ་གནད་ཅན་གྱི་ དཔྱད་ཡིག་ ༤ དང་ རྒྱལ་སྤྱིའི་ཡིག་ཆ་ ༡ གིས་གཙོས་པའི་ ལོ་ལྔའི་འཆར་གཞི་ ༡༣ པའི་ སྙན་ཞུ་ཚུ་ལུ་ གསུང་གྲོས་གནང་སྟེ་ ཆ་འཇོག་གྲུབ་ཡོདཔ་མ་ཚད་ དཔལ་འབྱོར་དང་ མི་སྡེ་ དེ་ལས་ གོང་འཕེལ་གྱི་ གནད་དོན་ཚུ་ལུ་ གཙོ་བོར་བཏོན་ཏེ་ ག་ནི་བ་ གལ་ཆེ་བའི་ གྲོས་དོན་ཁག་ ༦ ལུ་ཡང་ གསུང་གྲོས་གནང་ཐོག་ལས་ ཆ་འཇོག་གྲུབ་ཅི་ཟེར་ཨིན་པས།
དེ་བཟུམ་སྦེ་ མི་རྗེ་བློན་ཆེན་གྱིས་ རྒྱལ་ཁབ་ཀྱི་ གནས་སྟངས་སྙན་ཞུ་ཕུལ་མིའི་ ནང་གསལ་ལྟར་དུ་ ལྡོག་ཕྱོགས་ཚོགས་པ་གིས་ གནས་སྟངས་ཡར་དྲག་གཏང་ནིའི་དོན་ལས་ གདོང་ལན་དང་ ཐབས་ལམ་ཚུ་ལུ་ གཙོ་བོར་བཏོནམ་ཨིན་རུང་ ལེགས་སྒྱུར་གྱི་ཤུལ་ལས་ བཅའ་ཁྲིམས་ ༤༧ ལུ་ ཐོ་ཕོག་མི་ཚུ་ མཐུན་སྒྲིག་འབད་དགོ་པའི་ ཚ་གྱང་ཡོདཔ་མ་ཚད་ ཤུལ་མའི་ཚོགས་ཐེངས་ནང་ ཁྲལ་གྱི་བཅའ་ཁྲིམས་ འཕྲི་སྣོན་འབད་ནིའི་སྐོར་ལས་ གསལ་བསྒྲགས་འབད་མི་ལུ་ཡང་ ཚ་གྱང་ཡོད་ཟེར་ཨིན་པས།
གཞུང་གི་ཁ་ཐུག་ལས་ རྒྱལ་ཁབ་དང་ མི་སེར་གྱི་ མཐའ་དོན་བསྒྲུབ་ནིའི་ ལས་རིམ་ཚུ་ནང་ ལྡོག་ཕྱོགས་ཚོགས་པ་གིས་ རྒྱབ་སྐྱོར་ཕུལ་ནི་ཨིན་པའི་ཁར་ དགོས་མཁོ་ཡོད་སར་ བརྟག་དཔྱད་དང་ འདྲ་མཉམ་གྱི་ ལཱ་ཚུ་འབད་ནི་དང་ ཁྲིམ་བཟོའི་བྱ་རིམ་ནང་ཡང་ དྭངས་གསལ་དང་ འགན་འཁྲི་འབག་ནི་གི་ ཁས་བླངས་ཡང་ཡོད་ཟེར་ཨིན་པས།
ལྡོག་ཕྱོགས་ཚོགས་པ་གིས་ ད་ཚུན་གྱི་རིང་ལུ་ གཞུང་གིས་ ཕྱག་ལཱ་མཛད་མི་ཚུ་ནང་ ཐད་ཀར་དུ་ བར་འཛུལ་མ་འབད་བར་ འཛེམ་སུ་མཚམས་ཅིག་སྦེ་ སྡོད་མི་དེ་ འཆར་གཞི་བརྩམ་ནི་དང་ ཐོན་སྐྱེད་བསྡུ་སྒྲིག་འབད་ནི་ ལག་ལེན་འཐབ་ནི་ཚུ་གི་དོན་ལས་ དུས་ཚོད་ལངམ་སྦེ་ བྱིན་ཐབས་ལུ་ཨིན་རུང་ དུས་ཚོད་ཁར་ རྒྱལ་ཁབ་དང་ མི་སེར་ལུ་ ཕན་ཐོགས་དང་ ཁས་བླངས་གསལ་བསྒྲགས་ཚུ་ལུ་ བརྟག་ཞིབ་འབད་དེ་ དྲན་གསོ་དང་ རྒྱུད་བསྐུལ་འབད་ནི་གི་ ཁས་བླངས་ཡོད་ལུགས་ཚུ་ཡང་ བཤད་ཡོད་པའི་གནས་ཚུལ།




Users Today : 4108
Users Yesterday : 3320
This Month : 94552
This Year : 390518
Total Users : 1102334
Views Today : 7005
Total views : 3078066
Who's Online : 26