
བི་བི་སི།
སྤྱི་ཟླ་ ༧ པའི་ཚེས་ ༢༦ ལུ་ སྤྱི་ལོ་ ༢༠༢༤ ལོའི་ རྒྱལ་སྤྱིའི་རྩེད་འགྲན་ ཨོ་ལིམ་པིག་གི་ འགོ་འབྱེད་རྟེན་འབྲེལ་དེ་ པེ་རིཛ་ལུ་ ག་ནི་བ་ སྤྲོ་སྣང་ཆེ་ཏོག་ཏོ་སྦེ་ འགོ་འདྲེན་འཐབ་ཡོདཔ་ད་ དེ་ཡང་ རྩེད་འགྲན་འབད་མི་ སྟོང་ཕྲག་ལས་བཅད་མི་ཚུ་ གཙང་ཆུ་སེ་ཡེན་ཐོག་ལས་ གྲུ་ནང་འཛུལ་ཏེ་ འགྱོ་བའི་སྐབས་ལུ་ ཆུ་འགྲམ་གཡས་གཡོན་དང་ ཟམ་ དེ་ལས་ ཉེ་འདབས་ཀྱི་ ཁྱིམ་ཐོག་ཚུ་གུ་ ཁྲབ་རྩེདཔ་ཚུ་གིས་ ཟློས་གར་ཚུ་བསྒྱུར་ཏེ་ ཡ་མཚན་ཆེ་བའི་ལྟདམོ་ཚུ་ སྟོན་ཡོདཔ་ཨིན་པས།
འཛམ་གླིང་ནང་ འགྲན་ཟླ་དང་བྲལ་བའི་ ལྟདམོ་དེ་གི་དོན་ལས་ རྩེད་ཐང་གི་ཚབ་ལུ་ གཙང་ཆུ་ལག་ལེན་འཐབ་སྟེ་ ཆུ་ཚོད་ ༤ དེ་ཅིག་གི་རིང་ལུ་ ངོ་མཚར་ཆེ་བའི་ ལྟདམོ་ཚུ་གི་ཤུལ་ལས་ ཕ་རཱནཛ་གི་ སྐེད་བཤེདཔ་དྲག་ཤོས་ ཊེ་ཌི་རའི་ནར་དང་ རྒྱུག་རྩེདཔ་དྲག་ཤོས་ མེ་རི་ཡོ་སེ་པེ་རེག་ ༢ ཀྱིས་ གནམ་ཁར་ལྡིང་སྟེ་ཡོད་མི་ ལྒང་ཕུ་དབྱིབས་ཅན་གྱི་ ཁྲོ་ཆེན་ནང་ མེ་སྤར་ནུག།
འགོ་འབྱེད་རྟེན་འབྲེལ་ནང་ རྩེད་འགྲན་འབད་མི་ སྡེ་ཚན་ ༢༠༥ གི་ རྩེད་འགྲན་པ་ ༦,༨༠༠ དེ་ཅིག་ གྲུ་ཆུང་ ༨༥ གི་ནང་འཛུལ་ཏེ་ ཕ་རཱནཛ་རྒྱལ་སའི་ ཡོངས་གྲགས་ཆན་གྱི་ རྟགས་མཚན་ཚུ་བརྒྱུད་དེ་ གཙང་ཆུའི་གུ་ལས་ འགྱོ་བའི་སྐབས་ལུ་ ཨཱཛ་ཊར་ལིཛ་ཟམ་ལས་ ཤོག་བམ་ཚུ་ གནམ་ཁར་བཏང་སྟེ་ དཀར་དམར་མཐིང་ ༣ གྱི་ མདངས་དང་བཅས་པའི་སྒོ་ལས་ འོད་ཟེར་འཕྲོ་བའི་ མཐོང་སྣང་ཚུ གཟི་བརྗིད་ཆེ་ཏོག་ཏོ་སྦེ་ སྟོན་ཡོདཔ་ཨིན་པས།
ཨིན་རུང་ རྟེན་འབྲེལ་དེ་དང་བསྟུན་ཏེ་ མི་ངན་ཚུ་གིས་ ཕ་རཱནཛ་གི་ རེ་ལིའི་གུ་ གནོདཔ་བཀལ་བའི་ཁར་ ཆརཔ་ཡང་རྐྱབ་ཡོདཔ་ལས་ དུས་ཚོད་དུམ་གྲ་ཅིག་ ཕར་ཕུད་འབད་དགོཔ་ ཐོན་སོངཔ་ལས་ རིག་རྩལ་མདོ་ཆེན་ ཐོ་མཱཛ་ཇོ་ལི་གིས་ ཆུའི་འོད་མདངས་ཀྱི་ ལྟདམོ་ཅིག་སྟོན་ནི་སྦེ་ཡོད་མི་དེ་ སྟོན་མ་ཚུགསཔ་ཨིན་པས།
རྩེད་འགྲན་པ་ཚུ་ རང་སོའི་གྱོན་ཆས་ཚུ་ བརྒྱན་ཏེ་ཡོད་རུང་ ཆརཔ་རྐྱབ་ནི་དེ་གིས་ ཉི་གདུགས་དང་ ཆར་ཁེབ་ཚུ་བཀབ་སྟེ་ ཕ་རཱནཛ་གི་ འབྱུང་རབས་ཅན་གྱི་ རིག་རྩལ་དང་ རྩེད་འགྲན་གྱི་ རྟེན་འབྲེལ་ནང་ སྙན་ཆ་དཀྲོགས་མི་དང་ གླུ་གར་འཁྲབ་མི་ཚུ་གིས་གཙོས་པའི་ རིག་རྩལཔ་ ༢,༠༠༠ དེ་ཅིག་གིས་ དཔའ་མ་ཞུམ་པར་ གྲལ་གཏོགས་འབད་ནུག།
གནམ་བྱཱར་གྱི་ ཨོ་ལིམ་པིག་རྩེད་འགྲན་ ཐེངས་ ༣༣ པ་དེ་ ད་རེས་ རྒྱལ་སྤྱི་དང་ ནང་འཁོད་སྲིད་དོན་གྱི་ དཀའ་ངལ་ཡོད་རུང་ མི་མང་ག་ར་གིས་ གྲལ་གཏོགས་འབད་ཡོད་མི་དེ་ཡང་ དུས་སྟོན་དེ་གིས་ འཛམ་གླིང་རྒྱལ་ཡོངས་ ཞི་བདེའི་ཐོག་ལས་ གཅིག་མཐུན་བཟོཝ་ཨིན་ཟེར་ རྒྱལ་སྤྱི་ཨོ་ལིམ་པིག་ཚོགས་པའི་གཙོ་འཛིན་ ཐོ་མཱཛ་བཱག་གིས་ བཤད་ཡོདཔ་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༡༡ ལུ་ མཇུག་བསྡུ་ནི་ཨིན་མི་ རྩེད་འགྲན་དེ་ནང་ རྩེད་རིགས་ ༣༢ དེ་ཅིག་གི་ནང་ རྩེད་འགྲན་པ་ ༡༠,༥༠༠ ལྷགཔ་ཅིག་གིས་ དོ་འགྲན་འབདཝ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 1284
Users Yesterday : 6933
This Month : 65653
This Year : 294494
Total Users : 1006310
Views Today : 9574
Total views : 2925991
Who's Online : 6