རྒྱལ་ཁབ་ནང་གི་ སློབ་ཕྲུག་ཚུ་དང་ སྦྱོང་བརྡར་བ་ཚུ་ག་ར་ལུ་ སྨྱོ་རྫས་བརྟག་དཔྱད།

རྒྱལ་ཁབ་ནང་གི་ སློབ་ཕྲུག་ཚུ་དང་ སྦྱོང་བརྡར་བ་ཚུ་ག་ར་ལུ་ སྨྱོ་རྫས་བརྟག་དཔྱད་འབད་ནི་ཨིནམ་ལས་ དེ་བསྒང་ སྨྱོ་རྫས་སྤྱོད་ཡོད་པའི་ གྲུབ་འབྲས་འཐོན་པ་ཅིན་ སྨྱོ་རྫས་སྤྱོད་མི་ སློབ་ཕྲུག་ཚུ་ དམིགས་བསལ་ཀུན་སྤྱོད་བསྐྱར་གསོ་སློབ་གྲྭ་དང་ ཀུན་སྤྱོད་བསྐྱར་གསོ་ལྟེ་བ་ཚུ་ནང་ སྨན་བཅོས་ཀྱི་དོན་ལས་ གཏང་ནི་ཨིན་པས།
དེ་ཡང་ ལྷན་རྒྱས་གཞུང་ཚོགས་ལས་ ཆ་འཇོག་མཛད་ཡོདཔ་སྦེ་ མི་རྗེ་བློན་ཆེན་མཆོག་གིས་ སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༦ པའི་ནང་ བརྡ་བརྒྱུདཔ་ཚུ་ལུ་ གསལ་བསྒྲགས་གནང་ཡི།
དེ་སྦེ་ སྨྱོ་རྫས་སྤྱོད་མི་ སློབ་ཕྲུག་ཚུ་ སྨན་བཅོས་དང་འབྲེལ་ཏེ་ ཤེས་ཡོན་འཕྲོ་མཐུད་ལྷབ་ནིའི་དོན་ལུ་ བཀྲིས་སྒང་ ཡོན་ཕུ་ལ་ དམིགས་བསལ་ཀུན་སྤྱོད་བསྐྱར་གསོ་སློབ་གྲྭའི་ནང་ གཏང་ནི་ཨིན་རུང་ སྨྱོ་རྫས་ནག་ཚོང་འཐབ་མི་ སློབ་ཕྲུག་ཚུ་གི་ཐེད་ཁར་ ཁྲིམས་གཞུང་དང་འཁྲིལ་ཏེ་ ཉེས་ཁྲིམས་འབག་དགོཔ་ལས་ རྒྱལ་ཡོངས་ཀུན་སྤྱོད་བསྐྱར་གསོ་ལྟེ་བའི་ནང་ གཏང་ནི་ཨིན་པས།
སྨྱོ་རྫས་བརྟག་དཔྱད་ཀྱི་ ལས་རིམ་དེ་ རྒྱལ་ཡོངས་ཤེས་རིག་ཞལ་འཛོམས་ མཇུག་བསྡུ་བའི་ཤུལ་ལས་ འགོ་འདྲེན་འཐབ་ནི་ཨིནམ་ད་ དེ་ཡང་ སློབ་དཔོན་ཚུ་དང་ ཤེས་རིག་མཁས་མཆོག་ཚུ་དང་ གྲོས་བསྟུན་ཐོག་ལས་ འགོ་འདྲེན་འཐབ་ནི་སྦེ་ཨིན་ཟེར་ མི་རྗེ་བློན་ཆེན་གྱིས་གསུངས་ཡི།
ཡོན་ཕུ་ལ་ དམིགས་བསལ་ཀུན་སྤྱོད་བསྐྱར་གསོ་སློབ་གྲྭ་དེ་ སང་ཕོད་ སྤྱི་ཟླ་ ༢ པ་དང་ སྤྱི་ཟླ་ ༣ པའི་ནང་ སྒོ་ཕྱེ་ནི་ཨིནམ་ལས་ དམིགས་བསལ་སློབ་གྲྭ་དེ་ནང་ སྨན་བཅོས་འབད་ཚར་བའི་ཤུལ་ལུ་ སློབ་ཕྲུག་ཚུ་ རང་སོའི་སློབ་གྲྭའི་ནང་ ལོག་གཏང་ནི་ཨིན་པས།
གསོ་བའི་བློན་པོ་ རྟ་མགྲིན་དབང་ཕྱུག་གིས་ གསུངས་དོ་བཟུམ་འབད་བ་ཅིན་ རྒྱལ་ཁབ་ནང་ མི་སེར་བརྒྱ་ཆ་ ༣༠ དེ་ཅིག་གིས་ སྨྱོ་རྫས་སྤྱོད་དོ་ཡོད་པའི་ རགས་རྩིས་བཏོན་ཡོདཔ་ལས་ མི་སེར་ཡོངས་ལུ་ཡང་ སྨྱོ་རྫས་བརྟག་དཔྱད་འབད་ནི་གི་ ལས་རིམ་ཡོད་ཟེར་ཨིན་པས།
ད་ཚུན་གྱི་རིང་ལུ་ དེ་བཟུམ་མའི་ སྨྱོ་རྫས་བརྟག་དཔྱད་འབད་མ་ཚུགས་མི་དེ་ གཙོ་བོ་ར་ རྒྱལ་ཁབ་ནང་ མཁས་མཆོག་མེད་ནི་དེ་གིས་ཨིནམ་ལས་ ཤེས་རིག་དྲུང་ཆེན་དང་ སྨྱོ་རྫས་ལས་བྱེད་ཚོགས་ཆུང་གི་ འཐུས་མི་ཚུ་ བདུན་ཕྲག་ཤུལ་མའི་ནང་ལས་ རྒྱལ་སྤྱི་གཙུག་སྡེ་ཚུ་ནང་ བལྟ་སྐོར་ལུ་ འགྱོ་དོ་ཟེར་ཨིན་པས།
དེ་སྦེ་ བལྟ་སྐོར་ལས་ ལོག་ལྷོད་པའི་ཤུལ་ལུ་ ཁོང་ཆ་ཁྱབ་ཀྱིས་ ཉུང་ཤོས་ར་ ལོ་ངོ་ ༥ དེ་ཅིག་རིང་ལུ་ ཞབས་ཏོག་ཚུ་ བྱིན་ཚུགས་པ་ཅིན་ དེ་དང་དུས་མཉམ་སྦེ་ ནང་འཁོད་ལྕོགས་གྲུབ་ཚུ་ བཟོ་ཚུགས་ཟེར་ གསུངས་ཡོད་པའི་གནས་ཚུལ།

Please follow and like us: