
རྫོང་ཁ་འདི་ ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ཨིནམ་ལས་ རྫོང་ཁ་འབྲི་ལྷག་ཤེས་མི་ཚུ་གིས་ ལག་ལེན་གང་དྲག་འཐབ་དགོ་པའི་ཁར་ འབྲི་ལྷག་མ་ཤེས་མི་ཚུ་གིས་ཡང་ རྫོང་ཁ་ལྷབ་དགོཔ་འདི་ ག་ནི་བ་ གལ་ཆེ་ཟེར་ སྤྱི་ཟླ་ ༧ པའི་ཚེས་ ༡༦ ལུ་ མི་རྗེ་བློན་ཆེན་ དྲགོས་ཚེ་རིང་སྟོབས་རྒྱས་ཀྱིས་ ཟླ་རིམ་གནས་ཚུལ་ཞལ་འཛོམས་ ཐེངས་ ༦ པའི་ནང་ བརྡ་བརྒྱུདཔ་ཚུ་ལུ་གསུངས་ཡི།
མི་རྗེ་བློན་ཆེན་གྱིས་ གསུངས་དོ་བཟུམ་འབད་བ་ཅིན་ གཞུང་གི་ཁ་ཐུག་ལས་ རྫོང་ཁ་འདི་ མི་སྡེ་བརྡ་བརྒྱུད་ཚུ་གི་ཐོག་ལས་ ལྷབ་ནི་གི་ གོ་སྐབས་བཟོ་ནི་ཨིནམ་མ་ཚད་ འོས་འབབ་ཅན་གྱི་ སྦྱོང་བརྡར་ཁང་ཅིག་ཡང་ གཞི་བཙུགས་འབད་ནི་ཨིནམ་ལས་ རྫོང་ཁ་ལྷབ་འདོད་ཡོད་མི་ ཕྱི་མི་ཚུ་གིས་ཡང་ གོ་སྐབས་ལེན་ཚུགས་ཟེར་ཨིན་པས།
དེ་ཡང་ ཟླཝ་ ༡ གི་ཧེ་མར་ སྤྱི་ཟླ་ ༦ པའི་ཚེས་ ༢༡ ལུ་ གཞུང་གི་ཡིག་ཚང་ག་ར་གིས་ རྒྱལ་ཁབ་ནང་འཁོད་ལུ་ ཞལ་འཛོམས་ཚུ་ནང་ གསུང་བཤད་དང་ གསུང་གྲོས་ཀྱི་རིགས་ག་ར་ རྫོང་ཁའི་ཐོག་ལུ་ གནང་དགོ་པའི་ཁར་ ཡིག་འགྲུལ་གྱི་རིགས་ཚུ་ཡང་ རྫོང་ཁའི་ནང་ ལག་ལེན་གང་དྲག་འཐབ་དགོ་པའི་ བཀོད་ཁྱབ་བཀའ་རྒྱ་ཅིག་ གནང་མི་དང་འཁྲིལ་ཏེ་ཨིན་པས།
གཞུང་གི་ལས་སྡེ་ཚུ་ནང་ རྫོང་ཁ་འདི་ ལག་ལེན་འཐབ་མི་འཐབ་ཀྱི་ དབྱེ་ཞིབ་འདི་ ནང་སྲིད་ལྷན་ཁག་ ལམ་སྲོལ་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ དམ་དམ་སྦེ་ར་ འགོ་འདྲེན་འཐབ་ཞིནམ་ལས་ གཞུང་ལུ་ སྙན་ཞུ་ཕུལ་དགོཔ་ཨིན་ཟེར་ མི་རྗེ་བློན་ཆེན་གྱིས་གསུངས་ཡི།
མི་རྗེ་བློན་ཆེན་མཆོག་གིས་ རྫོང་ཁ་འདི་ འབྲུག་པའི་ལམ་སྲོལ་གྱི་ སྲོག་ཤིང་ཨིནམ་ལས་ མི་སྡེ་ག་ར་གིས་ ཁ་སླབ་ནི་དང་ འབྲི་ལྷག་ཚུ་ ག་དེ་འབད་རུང་ ཤེས་དགོ་པའི་ཁར་ ཕྱི་རྒྱལ་གྱི་ མི་སྡེ་ཚུ་དང་ འབྲེལ་བ་འཐབ་ནིའི་དོན་ལུ་ ཨིང་ལིཤ་དེ་ཡང་ འདྲ་མཉམ་སྦེ་ ཤེས་དགོཔ་འདི་ གལ་ཆེ་བའི་སྐོར་ལས་ཡང་ གསུངས་ཡོད་པའི་གནས་ཚུལ།






Users Today : 105
Users Yesterday : 1303
This Month : 65777
This Year : 294618
Total Users : 1006434
Views Today : 138
Total views : 2926170
Who's Online : 11