
བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ ཡུ་ཨེཛ་གི་ ཤུལ་མའི་སྲིད་འཛིན་བཙག་འཐུའི་ནང་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་ཁ་ཐུག་ལས་ ད་རེས་ཀྱི་ སྲིད་འཛིན་འོགམ་ ཨམ་ཀ་མ་ལ་ ཧ་རིཛ་དེ་ སྲིད་འཛིན་གྱི་དོན་ལས་ དོ་འགྲན་འབད་མི་ འདེམས་ངོ་སྦེ་ ཚོགས་རྒྱན་བསྐྱུར་ཏེ་ ལུགས་མཐུན་ཐོག་ལུ་ གདམ་འཐུ་གྲུབ་ནུག།
ཨམ་ཀ་མ་ལ་ ཧ་རིཛ་དེ་ ཡུ་ཨེཛ་གི་ སྲིད་ཚོགས་ནང་ ཚད་ལྡན་འགན་ཁུར་འབག་མི་ མདོག་གནག་མི་རིགས་དང་ ལྷོ་ཨེ་ཤི་ཡའི་ ཨམ་སྲུ་དང་པ་ཨིནམ་མ་ཚད་ གལ་སྲིད་ སྤྱི་ཟླ་ ༡༡ པའི་ སྲིད་འཛིན་བཙུག་འཐུ་སྐབས་ལུ་ ཌོ་ནཱལ་ཊམ་ལས་ རྒྱལ་ཁ་འཐོབ་པ་ཅིན་ ཡུ་ཨེཛ་ལུ་ ཨམ་སྲུ་སྲིད་འཛིན་དང་པ་ཡང་ འོང་ནི་ཨིན་པས།
དེ་ཡང་ འཐུས་མི་ ༢,༣༥༠ གི་ རྒྱབ་སྐྱོར་ཐོག་ལས་ གདམ་འཐུ་འགྲུབ་དགོཔ་ཡོད་མི་ དམའ་མཐའི་ཚད་གཞི་ལས་ལྷག་སྟེ་ ཚོགས་རྒྱན་ཐོབ་ཡོདཔ་ལས་ མོ་གིས་ བརྒྱུད་འཕྲིན་ཐོག་ལས་ ཨ་མི་རི་ཀའི་ ཁས་བླངས་ལུ་ ཡིད་ཆེས་ཡོདཔ་བཞིན་དུ་ བསྐུལ་བསྒྲགས་དེ་ཡང་ ཁས་བླངས་དང་འཁྲིལ་ཏེ་ར་ ལག་ལེན་འཐབ་འོང་བཤད་ནུག།
སྐྱེས་ལོ་ ༥༩ འབད་མི་ ཨམ་ཀ་མ་ལ་ ཧ་རིཛ་དེ་ ཀ་ལི་ཕོར་ནི་ཡ་ མངའ་སྡེའི་ས་ཁོངས་ ཨོག་ལེན་ལུ་ སྐྱེས་ཡོདཔ་ད་ དེ་ཡང་ ད་ཚུན་ ལོ་ངོ་ ༢༠༠ གི་རིང་ལུ་ རྒྱལ་ཁབ་ཀྱི་ ནུབ་ཕྱོགས་ལས་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ནང་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ གདམ་འཐུ་གྲུབ་མི་དེ་ འགོ་དང་པ་ཨིན་པས།
ཨམ་ཀ་མ་ལ་གིས་ སྲིད་དོན་ནང་ གྲལ་གཏོགས་འབད་དེ་ སཱན་ཕ་རཱན་སིཛ་ཀོ་མངའ་སྡེའི་ རྩོད་དཔོན་དང་ དེ་གི་ཤུལ་ལུ་ ཀ་ལི་ཕོར་ནི་ཡའི་ རྩོད་དཔོན་ཡོངས་ཁྱབ་ དེ་ལས་ ཡུ་ཨེཛ་གི་ སྤྱི་ཚོགས་འཐུས་མི་སྦེ་ ཕྱག་ཞུ་ཡོདཔ་ཨིན་པས།
མ་གཞི་ ཧེ་མ་འབད་བ་ཅིན་ སྐྱེས་ ༨༡ འབད་མི་ སྲིད་འཛིན་ཇཱོ་བ་ཡེ་ཌེན་དེ་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ནང་ལས་ བཀག་ཆག་ག་ནི་ཡང་མེད་པར་ སྲིད་འཛིན་གྱི་ འདེམས་ངོ་སྦེ་ བཏོན་ཡོད་རུང་ སྤྱི་ཟླ་ ༦ པའི་ནང་ འགོ་འདྲེན་འཐབ་མི་ སྲིད་འཛིན་གྱི་ འདེམས་ངོའི་རྩོད་འགྲན་སྐབས་ལུ་ གྲུབ་འབྲས་ལེགས་ཤོམ་ཅིག་ མ་ཐོན་ནི་དེ་གིས་ ཁོ་རའི་སྲིད་ཚོགས་ནང་ལས་ ཕྱིར་འཐོན་འབད་དགོ་པའི་ ནན་སྐུལ་འབདཝ་བཞིན་དུ་ བཙག་འཐུའི་ནང་ལས་ ཕྱིར་ཐོན་འབད་ནུག།
ད་རེས་ གདམ་འཐུ་གྲུབ་མི་ སྲིད་འཛིན་གྱི་དེམས་ངོ་ ཨམ་ཀ་མ་ལ་ ཧ་རིཛ་གིས་ མོ་རའི་བཙག་འཐུའི་མཉམ་རོགས་ སྲིད་འཛིན་འོག་མའི་ འདེམས་ངོ་དེ་ སྤྱི་ཟླ་ ༨ པའི་ཚེས་ ༥ ལུ་ ངོ་སྟོན་འབད་ནི་དང་ འདེམས་ངོ་དེ་གི་དོན་ལས་ གདམ་འཐུའི་ཚོགས་རྒྱན་ བཙུགས་མ་དགོཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1436058
Views Today :
Total views : 5000
Who's Online :