
ང་བཅས་རའི་ རྒྱལ་ཡོངས་སྐད་ཡིག་ རྫོང་ཁ་འདི་ ག་ནི་བ་ གལ་ཆེ་བའི་ ངོས་འཛིན་འབད་དེ་ གློག་ལུགས་ཐོག་ལས་ ལྷབ་སྦྱང་འབད་དེ་ ཡར་དྲག་གཏང་ཐབས་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ཨེ་ཌུ་ཀེ་ཡར་ སི་ཀིལ་ལས་སྡེ་དང་གཅིག་ཁར་ གོ་བརྡའི་ཆིངས་ཡིག་ཅིག་གུ་ མཚན་རྟགས་བཀོད་ནུག།
དེ་ཡང་ སྤྱི་ཟླ་ ༨ པའི་ཚེས་ ༢ ལུ་ ཐིམ་ཕུ་པདྨ་བཀོད་བཟའ་ཁང་ནང་སྦེ་ ནང་སྲིད་བློན་པོ་མཆོག་ དབུ་བཞུགས་ཐོག་ལུ་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱི་ མདོ་ཆེན་དང་ ཨེ་ཌུ་ཀེ་ཡར་ སི་ཀིལ་ལས་སྡེའི་ བཀོད་ཁྱབ་གཙོ་འཛིན་འགོ་དཔོན་ ༢ ཀྱིས་ བཀོད་ཡོདཔ་ཨིན་པས།
དེ་བཟུམ་མའི་ གློག་ལུགས་ཐོག་གི་ རིམ་ལུགས་ལུ་བརྟེན་ཏེ་ འབྲུག་པའི་ཨ་ལོ་ཚུ་གིས་ རྫོང་ཁ་འདི་ མཛེས་ཆ་དང་ལྡན་པའི་ སྤྲོ་སྣང་ཅན་གྱི་ ཡོངས་འབྲེལ་ཐོག་ལས་ ལྷབ་སྦྱང་འབད་དེ་ ཡར་དྲག་གཏང་ཚུགས་ཟེར་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་དང་ ཨེ་ཌུ་ཀེ་ཡར་ སི་ཀིལ་ལས་སྡེ་ ༢ མཉམ་འབྲེལ་ཐོག་ལས་ གསལ་བཏོན་འབད་མི་ གནས་ཚུལ་ཅིག་ནང་བཀོད་ནུག།
སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ བཀོད་དོ་བཟུམ་འབད་བ་ཅིན་ འབྲུག་མི་ག་ར་གིས་ ཨེ་ཌུ་ཀེ་ཡར་ སི་ཀིལ་གྱི་ གློག་ལུགས་དེ་ རྒྱུན་མངག་འབད་གནང་ཟེར་ཨིནམ་ད་ ཨ་ལོ་ཚུ་གིས་ གོ་སྐབས་དེ་ ལེན་ནིའི་དོན་ལས་ དུས་ཅི་ སྤྱི་ཟླ་ ༨ པ་ལས་ ༡༠ པ་ཚུན་ ཟླ་ངོ་ ༣ གྱི་རིང་ལུ་ འགོ་ཐོག་མོ་བཏབ་ཀྱི་ དུས་ཡུན་ནང་ ཨ་ལོ་སྐྱེས་ལོ་ ༣ ཡན་ཆད་དང་ སློབ་རིམ་ ༤ པ་ཚུན་གྱི་ སློབ་ཕྲུག་ཚུ་ལུ་ ལས་ཁུངས་ཀྱིས་ རྒྱབ་སྐྱོར་འབད་ནི་ཨིན་པས།
དེ་མ་ཚད་ མོ་བཏབ་དུས་ཡུན་ནང་གི་ གྲུབ་འབྲས་ལུ་ གཞི་བཞག་སྟེ་ སློབ་ཕྲུག་གཞན་དང་ ངོས་འཛིན་ཅན་གྱི་ འབྲེལ་ཡོད་ལག་ལེན་པ་ཚུ་ལུ་ཡང་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ རྒྱབ་སྐྱོར་འབད་དེ་ རིན་མེད་སྟོང་མར་ སྤྱོད་ནི་གི་ གོ་སྐབས་བྱིན་ནི་ལུ་ བརྩོན་ཤུགས་བསྐྱེད་ནི་ཨིན་ཟེར་ གནས་ཚུལ་གསར་བཏོན་ནང་བཀོད་ནུག།
ད་ཚུན་གྱི་རིང་ལུ་ ནང་དོན་མ་འདྲཝ་ ༤༥༠ ལྷགཔ་ཅིག་ བཟོ་ཚར་ཏེ་ཡོད་མི་ཚུ་ཡང་ ཟླ་རིམ་བཞིན་དུ་ ཨེ་ཌུ་ཀེ་ཡར་ སི་ཀིལ་གློག་ལུགས་ནང་ བཙུགས་ནི་ཨིནམ་ད་ ནང་དོན་དེ་ཚུ་ཡང་ རྫོང་ཁའི་མཁས་མཆོག་དང་ ཤེས་ཡོན་དང་འབྲེལ་བའི་ མཁས་མཆོག་ཚུ་གིས་ བསྐྱར་ཞིབ་འབད་ཡོདཔ་ད་ ད་ལས་ཕར་ཡང་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་ཀྱིས་ ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག་ སློབ་གྲྭའི་ཤེས་ཡོད་ལས་ཁུངས་ཀྱི་ རྩ་གཞུང་མཁས་མཆོག་ཚུ་དང་ འབྲེལ་བ་འཐབ་སྟེ་ ལཱ་འབད་ནི་ཨིན་པས།
གློག་ལུགས་དེ་ དེང་སང་གི་ འཕྲུལ་རིག་ལག་ལེན་འཐབ་སྟེ་ སྤྱོད་ངོ་བདེ་ཏོག་ཏོ་སྦེ་ བཟོ་ཡོདཔ་མ་ཚད་ འཕྲུལ་འཕྲིན་རིམ་ལུགས་ཡང་ བཟོ་ཡོདཔ་ད་ ད་རེས་ནངས་པ་ ལས་སྡེ་དེ་གིས་ བློ་གསར་སློབ་རིམ་ལས་ སློབ་རིམ་ ༡༢ པ་ཚུན་གྱི་ སློབ་ཕྲུག་ཚུ་གི་དོན་ལས་ རྫོང་ཁའི་ཆོས་ཚན་དང་འབྲེལ་བའི་ ནང་དོན་ལེའུ་སྟོང་ཕྲག་ལྷགཔ་ཅིག་ བཟོ་བའི་བསྒང་ར་ཡོད་ཟེར་བཀོད་ནུག།
གོ་བརྡའི་ཆིངས་ཡིག་གུ་ མཚན་རྟགས་བཀོད་པའི་ མཛད་སྒོའི་ལས་རིམ་སྐབས་ལུ་ ནང་སྲིད་བློན་པོ་མཆོག་གིས་ དབུ་གཙོས་པའི་ སྲོལ་འཛིན་དང་ རྫོང་ཁ་གོང་འཕེལ་ལས་ཁུངས་དང་། ཤེས་རིག་དང་ རིག་རྩལ་གོང་འཕེལ་ལྷན་ཁག། ཨའེ་བེསཊ་དང་ འབྲེལ་ཡོད་ལས་སྡེ་ཚུ། དེ་ལས་ མི་སྡེ་ལས་ཚོགས་དང་ བརྡ་བརྒྱུད། རྒྱལ་སྤྱིའི་འབྲེལ་ཡོད་ལས་སྡེ་ཁག་གི་ འགོ་དཔོན་ཚུ་གིས་ བཅའ་མར་གཏོགས་ཡོདཔ་མ་ཚད་ ཐིམ་ཕུའི་སློབ་གྲྭ་ཁག་གི་ དབུ་འཛིན་དང་ སློབ་དཔོན་ཚུ་གིས་ཡང་ བཅར་མར་གཏོགས་ཡོད་པའི་གནས་ཚུལ།





Users Today : 1118
Users Yesterday : 3715
This Month : 64406
This Year : 501399
Total Users : 1213215
Views Today : 1970
Total views : 3259831
Who's Online : 20