
སྤ་རོ་བོང་སྡེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་མཆོག་གིས་ མཁན་སྤྲུལ་དང་ བླ་སློབ་ དགེ་སློང་ སྒོམ་ཆེན་ ཨ་ཎེམ་ཚུ་གིས་གཙོས་པའི་ དད་ལྡན་སེར་སྐྱ་ཕོ་མོ་ཡོངས་ལུ་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ གནང་ནི་ འགོ་བཙུགས་ཏེ་ ཉིན་གྲངས་ ༦༡ སོང་ནུག།
དེ་ཡང་ ཤིང་འབྲུག་ཟླཝ་ ༦ པའི་ཚེས་ ༢༩ སྤྱི་ཟླ་ ༨ པའི་ཚེས་ ༣ ལུ་ ཕྱི་སྒྲུབ་རྡོ་རྗེ་མཁའ་འགྲོ་སེང་གདོང་མ་ གཙོ་རྐྱང་གི་རྗེས་གནང་དང་། ནང་སྒྲུབ་སེང་གདོང་སྔོན་མོ་ རིགས་ལྔའི་དབང་། ནང་སྒྲུབ་སེང་གདོང་དམར་མོ་ གནོད་སྦྱིན་དབང་སྡུད་རྒྱལ་མོ་ གཙོ་རྐྱང་གི་རྗེས་གནང་། ནང་སྒྲུབ་དབང་སྡུད་ པདྨ་མཁའ་འགྲོ་རིགས་ལྔའི་རྗེས་གནང་། གསང་སྒྲུབ་སྐོར་གསུམ་ལས་ གཅེར་བུ་ཁྲོས་མ་ནག་མོའི་དབང་། གསུང་སྒྲུབ་སྐོར་གསུམ་ལས་ གཅེར་མོ་ཁྲོས་ནག་ ཞལ་གསུམ་ཕྱག་དྲུག་ ཕུར་ཞབས་ཅན་མའི་དབང་ཚུ་ གནང་ཡོདཔ་ཨིན་པས།
དེ་བཟུམ་སྦེ་ གསང་སྒྲུབ་སྐོར་གསུམ་ལས་ གཅེར་བུ་ཁྲོས་ནག་ཕུར་ཞབས་ཅན་ ཞབ་གཅིག་ཕྱག་གཉིས་མའི་དབང་དང་། གསང་སྒྲུབ་སྐོར་གསུམ་གྱི་ ལས་མཐའ་ཕྱིར་ཟློག་ཆེན་མོའི་དབང་། ལས་མཐའ་བརྒྱད་པ་ སེང་གདོང་དམར་མོ་ ཚེ་སྒྲུབ་རྒྱལ་མོའི་ འཆི་བདག་བདུད་འཇོམས་རྗེས་གནང་། མཁའ་འགྲོ་མ་སེང་གེའི་གདོང་ཅན་ འབྱུང་བཞི་བཅུད་སྡུད་ཀྱི་རྗེས་གནང་། ཀློང་གསལ་སེང་གདོང་དམར་མོའི་བཀའ་གཏད། ཆགས་མེད་སེང་གདོང་མའི་ གཏོར་དབང་ཚུ་ཡང༌གནང་ནུག།
རང་ཟླ་ ༤ པའི་ཚེས་ ༢༡ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལས་ འགོ་བཙུགས་མི་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ དེ་ ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ གནང་ནི་ཨིན་མིའི་ནང་ལས་ ལྗགས་ལུང་དེ་ འཇུག་བསྡུ་ཡོདཔ་ད་ དེ་སྦེ་ དབང་ལུང་ཁྲིད་ ༣ གནང་སར་ མཁན་སྤྲུལ་དང་ བླ་སློབ་ དགེ་སློང་ སྒོམ་ཆེན་ ཨ་ཎེམ་ མི་སེར་ཚུ་ག་ར་བསྡོམས་ཏེ་ མི་གྲངས་ ༡༠,༠༠༠ དེ་རེ་ ཉིན་བསྟར་བཞིན་དུ་ཡོདཔ་ཨིན་པས།
རིན་ཆེན་གཏེར་མཛོད་ཆེན་མོའི་ བཀའ་དབང་དེ་ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལུ་ སྨིན་གླིང་རྡོར་སེམས་ཀྱི་ དཀྱིལ་འཁོར་ཞལ་ཕྱེ་ཞིནམ་ལས་ ས་ཆོག་དང་འབྲེལ་ཏེ་ རྡོར་སེམས་ཀྱི་ སྒྲུབ་མཆོད་དངོས་གཞི་ འགོ་བཙུགས་གནང་ནུག།
དེ་གི་ཧེ་མར་ བཀའ་དབང་དེ་གི་རིང་ལུ་ ཕྱི་ནང་གསང་གསུམ་ཀྱི་ འགལ་རྐྱེན་བར་ཆད་ཚུ་ ཞི་ཐབས་ལུ་དང་ བྱ་བ་ཐ་དག་ བད་མེད་ལྷུན་གྱིས་འགྲུབ་ཐབས་ལུ་ སྤྱི་ཟླ་ ༥ པའི་ཚེས་ ༢༣ ལས་ ༢༦ ཚུན་ ཉིན་གྲངས་ ༤ གི་རིང་ལུ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ཚོགས་ཁང་ཆེན་མོའི་ནང་སྦེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ མཁན་སྤྲུལ་བླ་སློབ་འདུས་ཚོགས་དང་ ཞེ་ཆེན་དགོན་སྡེའི་ བླ་སྤྲུལ་དང་ དགེ་འདུན་པ་ཚུ་གིས་ རིག་འཛིན་འདུས་པའི་ ཚོགས་འཁོར་འབུམ་ཐེར་ གནང་ཡོདཔ་ཨིན་པས།
རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ དེ་ མཁན་སྤྲུལ་ཀརྨ་འཇིགས་མེད་མཆོག་གིས་ དབུ་གཙོས་པའི་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ཆོས་ཚོགས་ཀྱིས་ འགོ་འདྲེན་འཐབ་དོ་ཡོདཔ་མ་ཚད་ བཀའ་དབང་ཞུ་མི་ཚུ་ལུ་ འགོ་འདྲེན་པའི་ཁ་ཐུག་ལས་ ཉིན་བསྟར་བཞིན་དུ་ གསོལ་ཇ་དང་ སྔ༌ཕྱིའི༌གསོལ་ཚོགས་ཚུ་ཡང་ དྲང་དོ་ཡོདཔ་ཨིན་པའི་གནས་ཚུལ།





Users Today : 1151
Users Yesterday : 6933
This Month : 65520
This Year : 294361
Total Users : 1006177
Views Today : 9237
Total views : 2925654
Who's Online : 6