
རོའི་ཊརཛ།
བང་ལ་དེཤ་ལུ་ ཧེ་མ་ རྒྱལ་ཁབ་རང་དབང་གི་དོན་ལུ་ ཕྱད་མདའ་རྐྱབ་མི་ཚུ་གི་ བཟའ་ཚང་ཚུ་གི་དོན་ལས་ ད་ཚུན་གྱི་བར་ན་ཡང་ གཞུང་གཡོག་གི་ས་སྟོང་ བརྒྱ་ཆ་ ༣༠ སྲུང་བཞག་ཐོག་ལུ་ བཞག་སྲོལ་ཡོད་པའི་སྐོར་ལས་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་འབད་མིའི་ནང་ མི་གྲངས་ ༣༠༠ དེ་ཅིག་ལུ་ ཤི་རྐྱེན་དང་ སྟོང་ཕྲག་ལས་བཅད་མི་ཚུ་ལུ་ རྨ་སྐྱོན་བྱུང་ནུག།
ཨིན་རུང་ སློབ་ཕྲུག་ཚུ་གིས་ འཕྲོ་མཐུད་དེ་ར་ ངོ་རྒོལ་འགྲེམ་སྟོན་འབད་དེ་ བློན་ཆེན་གྱི་ གཟིམ་ཅུང་ནང་ འཕྲོག་བཅོམ་འབད་བའི་བར་ན་ བློན་ཆེན་ཤེཁ་ཧ་སི་ན་དེ་ བྲོས་ཟུར་འབད་དེ་ ཕྱི་རྒྱལ་ལུ་ བྱོག་ཡར་སོངཔ་ལས་ སྲིད་འཛིན་གྱིས་ གནས་སྐབས་ཀྱི་གཞུང་ཅིག་ བཙུགས་དགོ་པའི་ བཀོད་རྒྱ་གནང་མི་དང་བསྟུན་ཏེ་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ མོ་ཧ་མེཌ་ ཡུ་ནུཛ་དེ་ གནས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་འབད་ཡོདཔ་ཨིན་པས།
དེ་ཡང་ སྲིད་འཛིན་མོ་ཧ་མེཌ་ ཤ་ཧ་བུ་དཱིན་གྱིས་ སློབ་ཕྲུག་འགོ་ཁྲིདཔ་ཚུ་དང་ དྲག་པོའི་དམག་སྡེ་ ༣ གྱི་ གཙོ་འཛིན་ཚུ་དང་གཅིག་ཁར་ ཞལ་འཛོམས་གནང་པའི་ཤུལ་ལུ་ སྐྱེས་ལོ་ ༨༤ འབད་མི་ མོ་ཧ་མེཌ་ཡུ་ནུཛ་དེ་ གྲོས་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་འབད་ནི་ཨིན་པའི་ གྲོས་ཆོད་བྱུང་ནུག།
ཡུ་ནུཛ་དེ་ ག་ར་མིན་དངུལ་ཁང་ཟེར་ སྐྱེད་ཆུང་སྐྱིན་འགྲུལ་ཚུ་བྱིན་མི་ ལས་ཁང་ཅིག་གི་ ཇོ་བདག་སྦེ་ བང་ལ་དེཤ་གི་ མི་སེར་སྤྱང་ཀ་ཚུ་གི་དོན་ལུ་ ཌོ་ལར་ ༡༠༠ འོག་རྒྱུའི་ སྐྱེད་ཆུང་སྐྱིན་འགྲུལ་ཚུ་བྱིན་ཏེ་ དབུལ་ཕོངས་ཅན་གྱི་ མི་སེར་ས་ཡ་ལས་བཅད་མི་ཚུ་ དབུལ་ཕོངས་ཀྱི་ དཀའ་ངལ་ནང་ལས་ ཡར་འདྲེན་འབད་མི་ཅིག་ཨིནམ་ལས་ སྤྱི་ལོ་ ༢༠༠༦ ལུ་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་ཡོདཔ་ཨིན་པས།
སློབ་ཕྲུག་གི་ འགོ་ཁྲིདཔ་ཚུ་གི་ཁ་ཐུག་ལས་ མོ་ཧ་མེཌ་ཡུ་ནུཛ་དེ་ གནས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་སྦེ་ བསྐོས་དགོ་པའི་ དགོས་མཁོ་བཀོད་ཡོད་མི་དང་བསྟུན་ ཡུ་ནུཛ་གིས་ཡང་ ཁ་བཟེད་ནུག།
དེ་འབདཝ་ད་ ཡུ་ནུཛ་དེ་ སྨན་བཅོས་ཀྱི་དོན་ལས་ པེ་རིཛ་ལུ་སོང་ཡོདཔ་ལས་ འཕྲལ་མགྱོགས་ར་ ཌ་ཀ་ལུ་ ལོག་ལྷོད་ནི་ཨིན་རུང་ ཡུ་ནུཛ་གི་ཁ་ཐུག་ལས་ བསྐོ་བཞག་དེ་གི་སྐོར་ལས་ བསམ་བརྗོད་ག་ནི་ཡང་ མ་བཀོད་པར་ཡོདཔ་ད་ གནས་སྐབས་གཞུང་གིས་ཡང་ གཞུང་སྐྱོང་གི་ འགན་ཁུར་དེ་ ནམ་རྩིས་ལེན་ནི་ཨིན་ན་ ཁ་གསལ་ཅིག་མེདཔ་ཨིན་པས།
བང་ལ་དེཤ་གི་གཞུང་དེ་ སྤྱི་ཟླ་ ༧ པའི་ཚེས་ ༦ ལུ་ སྲིད་འཛིན་ཤ་ཧ་བུ་དིན་གྱིས་ ཆ་མེད་བཏང་སྟེ་ གནས་སྐབས་ཀྱི་ གཞུང་བཙུགས་ནི་དང་ གཞུང་གསརཔ་གི་དོན་ལས་ བཙག་འཐུའི་མདུན་ལམ་གྱི་ གནང་བ་ཚུ་ཡང་གྲོལ་ནུག།
དེ་ལས་ ལྡོག་ཕྱོགས་འགོ་ཁྲིདཔ་ ཧེ་མའི་བློན་ཆེན་ བེ་གམ་ཁ་ལི་ད་ཟི་ཡ་དེ་ ཤེག་ཧ་སི་ནའི་སྐབས་ལུ་ མོ་རའི་སྡོད་ཁྱིམ་ནང་ལས་ ཕྱི་ཁར་ཐོན་ནི་མེད་པའི་ ཉེས་ཁྲིམས་བཀལ་ཏེ་ཡོད་མི་དེ་ཡང་ དགོངས་ཡངས་གནང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།







Users Today :
Users Yesterday :
This Month :
This Year :
Total Users : 1436029
Views Today :
Total views : 5000
Who's Online :