
བི་བི་སི།
ཡུ་ཀེའི་ཁྲོམ་ ས་འུཐ་པཱོཊ་ཟེར་སར་ བུམོ་ ༣ དམར་བསད་འབད་མི་དེ་ ཕྱི་མི་ནང་བསྐྱོད་འབད་དེ་ སྐྱབས་བཅོལ་བ་སྦེ་ ལྷོད་མི་ཅིག་ཨིན་པའི་ གོ་དོན་ནོར་འཁྲུལ་ཐོག་ལས་ ཕྱི་མི་ནང་བསྐྱོད་ཀྱི་ རྒྱབ་འགལ་ལུ་ ཟིང་འཁྲུག་ལང་མིའི་ནང་ གྲལ་གཏོགས་འབད་མི་ མི་གྲངས་ ༤༠༠ ལྷགཔ་ཅིག་ འཛིན་བཟུང་འབད་ཡོདཔ་ད་ དེ་བཟུམ་མའི་ ནོར་འཁྲུལ་ཅན་གྱི་ བརྡ་དོན་དེ་ཡང་ ཡོངས་འབྲེལ་ཐོག་ལས་ ཁྱབ་སྤེལ་སོང་ནུག།
གནད་དོན་དེ་སྐོར་ལས་ ཡུ་ཀེའི་བློན་ཆེན་ སཱར་ཀེ་ཡིར་སི་ཊར་མར་གྱིས་ ཨིན་ལེན་དང་ བྱང་ཨ་ཡར་ལེན་ ༢ ཀྱི་ ཟིང་འཁྲུག་ནང་ གྲལ་གཏོགས་འབད་མི་ཚུ་ ཁྲིམས་ཀྱི་འདུན་སར་ མགྱོགས་དྲགས་སྦེ་ གཏང་ནི་ཨིན་ཟེར་ བཤད་ཡོདཔ་ད་ ཁོ་གིས་ ཁྲིམས་སྲུང་འགག་སྡེའི་ གཙོ་འཛིན་ཚུ་དང་གཅིག་ཁར་ གློ་བུར་གྱི་ ཞལ་འཛོམས་ཅིག་འཚོགས་པའི་ཤུལ་ལུ་ གསུངས་མིའི་ནང་ ཉིན་གྲངས་དག་པ་ཅིག་གི་ནང་ མི་ལེ་ཤ་ཅིག་ལུ་ར་ ཉེས་ཁྲིམས་ཕོག་ནི་བཟུམ་ཅིག་ཡོད་ཟེར་ཨིན་པས།
དེ་བཟུམ་སྦེ་ ལྡོག་ཕྱོགས་འགོ་ཁྲིདཔ་ ནའེ་ཇེལ་ཕ་ར་ཇི་གིས་ཡང་ མི་སྡེ་བརྡ་བརྒྱུད་ཐོག་ལས་ ངོ་རྒོལ་འགྲེམ་སྟོན་དང་ གནོད་འཚེ་ འཕྲོག་བཅོམ་ཚུ་ལུ་ རྒྱབ་སྐྱོར་རྩ་བ་ལས་མེད་ཟེར་ བཤད་ཡོདཔ་ད་ སྤྱི་ཟླ་ ༨ པའི་ཚེས་ ༦ ཚུན་གྱི་ ནང་འཁོད་ལུ་ འཛིན་བཟུང་འབད་མིའི་གྲས་ལས་ མི་གྲངས་ ༡༠༠ དེ་ཅིག་ ཁྲིམས་འདུན་ལུ་ ཉེས་འཛུགས་འབད་ནུག།
བློན་ཆེན་གྱིས་ ཉིན་གྲངས་ ༢ ཀྱི་ནང་ར་ ཞལ་འཛོམས་ལན་ཐེངས་ ༢ གནང་པའི་ཤུལ་ལུ་ བཤད་དོ་བཟུམ་འབད་བ་ཅིན་ གནོད་འགེལ་དྲངས་ཁྲིམས་རིམ་ལུགས་ཀྱི་སྒོ་ལས་ གདོང་ལན་མགྱོགས་དྲགས་འབད་མི་དེ་གིས་ ཐད་ཀར་དུ་ ཡང་ཅིན་ ཡོངས་འབྲེལ་ཐོག་ལས་ ཟིང་འཁྲུན་ནང་ གྲལ་གཏོགས་འབད་མི་ཚུ་ལུ་ ཉེན་བརྡ་དང་འབྲེལ་ཏེ་ དེ་བཟུམ་མའི་ ཟིང་འཁྲུག་ནང་ ག་གིས་ཡང་ གྲལ་གཏོགས་འབད་ནི་ མི་འོང་ཟེར་ཡང་ གསུངས་ཡོདཔ་ཨིན་པས།
ད་ལས་ཕར་ དེ་བཟུམ་མའི་ ཟིང་འཁྲུག་ལུ་ གདོང་ལན་གྱི་དོན་ལས་ ཁྲིམས་སྲུང་འགག་པ་ ༦,༠༠༠ དེ་ཅིག་ གྲ་སྒྲིག་འབད་དེ་ བཞག་ཡོདཔ་ད་ མི་མང་རྩོད་བཤེར་འགོ་དཔོན་གྱིས་ དེ་བཟུམ་མའི་ བྱ་ངན་ནང་ གྲལ་གཏོགས་འབད་མི་ཚུ་ལུ་ དྲག་ཐོག་དབང་བཙོང་གི་ གནོད་འགེལ་ཐོག་ལས་ ཉེས་འཛུགས་འབད་ནི་གི་ བསམ་འཆར་ཡོད་ཟེར་ བཤད་ཡོདཔ་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༦ ལུ་ ཡུ་ཀེ་གཞུང་གིས་ ད་རེས་ཀྱི་ ཟིང་འཁྲུག་ནང་ གྲལ་ཁར་གཏོགས་མི་ཚུ་ བཙོན་ཁང་ནང་ ངེས་གཏན་བཞག་ཐབས་ལུ་ བཙོན་ཁང་གི་ ས་གོ་གསརཔ་ ༥༠༠ ལྷགཔ་ཅིག་ ངོས་འཛིན་འབད་དེ་ཡོདཔ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today : 1349
Users Yesterday : 1729
This Month : 5151
This Year : 185054
Total Users : 896870
Views Today : 3453
Total views : 2633770
Who's Online : 8