
རོའི་ཊརཛ།
མཐའ་ཡས་ལེན་ལུ་ ཆ་མེད་བཏང་ཡོད་མི་ ལྡོག་ཕྱོགས་སྲིད་ཚོགས་ མུབ་ཕོར་ཝཱརཌ་གིས་ སྤྱི་ཟླ་ ༨ པའི་ཚེས་ ༩ ལུ་ སྲིད་ཚོགས་གསརཔ་ཅིག་ འགོ་བཙུགས་ཡོད་མི་དེ་ སྤྱི་ཚོགས་ནང་ སྲིད་ཚོགས་སྦོམ་ཤོས་ཅིག་ འོང་ནི་ཨིནམད་ སྲིད་ཚོགས་གསརཔ་དེ་གིས་ གཞི་སྒྱུར་མདུན་བསྐྱོད་དང་ རྒྱལ་བརྒྱུད་རིང་ལུགས་ལུ་ བརྙས་བཅོས་བཀག་སྡོམ་གྱི་ བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནི་ལུ་ཡང་ ཁས་བླངས་འབད་ནུག།
འདས་པའི་བཙག་འཐུ་སྐབས་ལུ་ སྤྱི་ཚོགས་ནང་ ས་སྟོང་མང་ཤོས་ཐོབ་མི་ མུབ་ཕོར་ཝཱརཌ་ སྲིད་ཚོགས་དེ་ གཞུང་བཙུགས་ནི་ལས་ བཀག་ཆ་འབད་དེ་ བཞག་ཡོདཔ་མ་ཚད་ སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ཡང་ སྲིད་ཚོགས་དེ་གིས་ རྩ་ཁྲིམས་ཅན་གྱི་ རྒྱལ་བརྒྱུད་རིང་ལུགས་ནང་ བརྙས་བཅོས་བཀག་སྡོམ་གྱི་ སྒྲིག་གཞི་ལུ་ གནོད་པ་རྐྱབ་ནི་གི་ ཉེན་ཁ་ཡོདཔ་སྦེ་ ཆ་མེད་བཏང་ཡོདཔ་ཨིན་པས།
ད་རེས་ ཁྲིམས་བཟོ་མཁས་མཆོག་ ༡༤༣ ཡོད་མི་ཚུ་ག་ར་ སྐྱེས་ལོ་ ༣༧ འབད་མི་ ན་ཐ་ཕོང་ རུང་པ་ནི་ ཡ་འུཌ་གི་ འགོ་ཁྲིད་འོག་ལུ་ གྲལ་གཏོགས་འབད་དེ་ཡོདཔ་ད་ རུང་པ་ནི་ ཡ་འུཌ་དེ་ ཡོངས་འབྲེལ་མཉེན་ཆས་ཅིག་གི་ བཀོད་ཁྱབ་ཨིནམ་ལས་ ཧེ་མ་ མུབ་ཕོར་ཝཱརཌ་སྲིད་ཚོགས་ཀྱི་ ཨང་གནས་བསྐུལ་བསྒྲགས་ཚུ་ཡང་ ཁོ་གིས་གསར་བཏོད་འབད་ཡོདཔ་ལས་ ན་གཞོན་དང་ ཁྲོམ་ཚོགས་ཚུ་ལས་ རྒྱབ་སྐྱོར་སྦོམ་སྦེ་ར་ཐོབ་ནུག།
འགོ་ཁྲིདཔ་ན་ཐ་ཕོང་གིས་ ཤུལ་མའི་བཙག་འཐུ་དང་འབྲེལ་ཏེ་ བཤད་མིའི་ནང་ ང་བཅས་ཀྱིས་ མུབ་ཕོར་ཝཱརཌ་སྲིད་ཚོགས་ཀྱི་ ལྟ་བ་ཚུ་ འཕྲོ་མཐུད་དེ་ར་ ལག་ལེན་འཐབ་ནི་དང་ སྲིད་ཚོགས་ཀྱི་ དམིགས་དོན་དེ་ཡང་ སྤྱི་ལོ་ ༢༠༢༧ ལུ་ འགྱུར་བ་འབག་འོང་མི་ གཞུང་གསརཔ་བཙུགས་ནི་དེ་ཨིན་ཟེར་ བཤད་ཡོདཔ་ཨིན་པས།
ད་རེས་ ཁོང་གི་སྲིད་ཚོགས་ ཆ་མེད་བཏང་མིའི་སྐོར་ལས་ ནུབ་ཕྱོགས་རྒྱལ་ཁབ་ མང་ཤོས་ཅིག་གིས་ ཁ་བཏང་ཡོདཔ་ད་ མཐའ་ཡས་ལེན་གྱི་ སྔར་སྲོལ་གཙོ་བོར་བཟུང་མི་དང་ རྒྱལ་བརྒྱུད་ལུ་མོས་མི་ དྲག་པོའི་དམག་སྡེ་ ༢ དང་ མི་དམངས་ཀྱི་ སེམས་ཁར་འཐད་མི་ སྲིད་ཚོགས་ཚུ་གི་བར་ན་ གཞུང་གི་དབང་ཚད་སྐོར་ལས་ མ་འགྲིགས་པར་ ལོ་ངོ་བཅུ་ཕྲག་ ༢ ལང་ནུག།
མུབ་ཕོར་ཝཱརཌ་ སྲིད་ཚོགས་ཀྱིས་ བར་དཀྲོགས་དང་ གུ་ཡངས་ཅན་ཀྱི་སྒོ་ལས་ དམག་སྡེ་གཞི་སྒྱུར་དང་ ཌོ་ལར་ཐེར་འབུམ་དང་འབྲེལ་བའི་ གཅིག་དབང་ཚོང་ལཱ་ཚུ་ མེདཔ་བཟོ་ནི་གི་ གྲོས་གཞི་ཚུ་ལུ་བརྟེན་ཏེ་ དབང་ཚད་ཆེ་བའི་ བྱང་ཕྱད་ཚུ་ བཟོ་ཡོདཔ་སྦེ་ཨིན་པས།
ཨིན་རུང་ ད་རེས་ མུབ་ཕོར་ཝཱརཌ་སྲིད་ཚོགས་ ཆ་མེད་འགྱོ་དགོ་པའི་ གནད་དོན་གཙོ་བོ་ར་ རྒྱལ་བརྒྱུད་ལུ་ བརྙས་བཅོས་བཀག་སྡོམ་བཅའ་ཁྲིམས་དེ་ འཕྲི་སྣོན་འབད་ནི་ཨིན་ཟེར་ བཤད་མི་ལུ་བརྟེན་ཏེ་ རྒྱལ་བརྒྱུད་དེ་ བྱིན་ལྡན་སྦེ་ བརྩི་འཇོག་འབད་མི་ དམག་སྡེའི་གཙོ་འཛིན་ཚུ་དང་ རྒྱལ་བརྒྱུད་ལུ་མོས་མི་ཚུ་ ཁོང་ཁྲོ་ལང་བཅུག་ནི་དེ་གིས་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1393602
Views Today :
Total views : 5000
Who's Online :