མུ་ཧ་མཱད་ ཡུ་ནུསི་དེ་ བང་ལ་དེཤ་ལུ་ གནས་སྐབས་གཞུང་གི་ དབུ་ཁྲིད་སྦེ་བསྐོ་བཞག།

བི་བི་སི།
སྤྱི་ཟླ་ ༨ པའི་ཚེས་ ༨ ལུ་ འཛམ་གླིང་ཞི་བདེའི་ རྟགས་མ་ཐོབ་མི་ མུ་ཧ་མཱད་ ཡུ་ནུཛ་དེ་ བང་ལ་དེཤ་ལུ་ གནས་སྐབས་གཞུང་གི་ དབུ་ཁྲིད་སྦེ་ བསྐོ་བཞག་འབད་ཡོདཔ་བཞིན་དུ་ ཁོ་གིས་ བང་ལ་དེཤ་གི་ རྩ་ཁྲིམས་ཆེན་མོ་ལུ་ བརྩི་བཀུར་དང་ རྒྱབ་སྐྱོར་ ཉེན་སྲུང་ཚུ་འབད་ནི་གི་ ཁས་བླངས་དམ་བཅའ་ཕུལ་ནུག།
སྐྱེས་ལོ་ ༨༤ འབད་མི་ ཡུ་ནུཛ་གིས་ ཁས་བླངས་དམ་བཅའ་དེ་ཡང་ ཊ་ཀ་ལུ་ སྲིད་འཛིན་གྱི་ ཕོ་བྲང་ནང་སྦེ་ ཕུལ་ཡོདཔ་ད་ དེ་བསྒང་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་གསརཔ་ཚུ་གིས་ཡང་ རང་སོའི་འགན་ཁུར་ཚུ་ དམ་ཚིག་གཙང་མའི་སྒོ་ལས་ ཕྱག་ཞུ་ནི་གི་ ཁས་བླངས་དམ་བཅའ་ཚུ་ཡང་ ཕུལ་ཡོདཔ་ཨིན་པས།
དེ་ཡང་ བང་ལ་དེཤ་གི་བློན་ཆེན་ ཨམ་ཤེག་ཧ་སི་ན་གིས་ ལོ་ངོ་ ༡༥ གི་རིང་ལུ་ དམ་ཚིག་གཙང་མའི་སྒོ་ལས་ གཞུང་སྐྱོང་མཛད་དེ་ བཞུགས་པའི་བར་ན་ར་ སློབ་ཕྲུག་ཚུ་གིས་ ངོ་རྒོལ་འགྲེམ་སྟོན་ འགོ་འདྲེན་འཐབ་སྟེ་ མི་སེར་བརྒྱ་ལས་བཅད་མི་ཚུ་ལུ་ ཤི་རྐྱེན་བྱུང་པའི་ཤུལ་ལས་ དགོངས་ཞུ་འབད་དགོ་པའི་ དགོས་དོན་བཀོདཔ་བཞིན་དུ་ མོ་གིས་ དགོངས་ཞུ་འབད་དེ་ རྒྱ་གར་ལུ་ བྲོས་ཟུར་སོང་བའི་ཤུལ་ལས་ ཡུ་ནུཛ་དེ་ ཕྱི་རྒྱལ་ལས་ ཌ་ཀ་ལུ་ ལོག་འོང་ནུག།
ཡུ་ནུཛ་དེ་ གནས་སྐབས་གཞུང་གི་ གྲོས་དཔོན་གཙོ་འཛིན་སྦེ་ བསྐོ་བཞག་འབད་མི་དེ་ཡང་ སྲིད་འཛིན་མོ་ཧ་མེད་ ཤ་ཧ་བུ་དིན་དང་ དམག་སྡེའི་འགོ་ཁྲིདཔ་ཚུ་ དེ་ལས་ སློབ་ཕྲུག་ཚུ་གི་ འགོ་ཁྲིདཔ་ཚུ་གི་བར་ན་ ཞལ་འཛོམས་ཅིག་ ཚོགས་པའི་ཤུལ་ལུ་ གྲོས་ཆོད་དང་འཁྲིལ་ཏེ་ཨིན་པས།
སློབ་ཕྲུག་ཚུ་གི་ ཁ་ཐུག་ལས་ ཡུ་ནུཛ་གི་ དབུ་ཁྲིད་འོག་ལུ་ གཞུང་བཙུགས་དགོཔ་མ་གཏོགས་ དྲག་པོའི་སྲིད་གཞུང་བཙུགས་ནི་ལུ་ ངོས་ལེན་འབད་མ་བཏུབ་ད་ ད་རེས་ ཡུ་ནུཛ་གི་ ལྷན་རྒྱས་གཞུང་ཚོགས་ནང་ སློབ་ཕྲུག་ཚུ་གི་ ངོ་རྒོལ་འགོ་ཁྲིད་འབད་མི་ ན་ཧིད་ཨིཛ་ལཱམ་དང་ ཨ་སིཕ་མེ་ཧེ་མུད་ ༢ ཡང་ཡོདཔ་ཨིན་པས། .
ཡུ་ནུཛ་དེ་ མི་སེར་དབུལ་ཕོངས་ཅན་གྱི་ དངུལ་ཁང་ལས་བྱེད་པ་ཟེར་ འབོ་སྲོལ་ཡོད་མི་གིས་ བང་ལ་དེཤ་ལུ་ ད་ཚུན་གྱི་བར་ན་ གཅིག་དབང་རིང་ལུགས་དེ་ དམངས་གཙོའི་རིང་ལུགས་ལུ་ སླར་ལོག་བསྒྱུར་ནི་གི་ རེ་བ་ཡོདཔ་ལས་ མི་སེར་ཚུ་ག་ར་ སྤྲོ་བ་འཕེལ་ཏེ་ཡོདཔ་ད་ མི་རློབས་ས་ཡ་ ༡༧༠ དེ་ཅིག་ཡོད་མི་ བང་ལ་དེཤ་ རྒྱལ་ཁབ་ཀྱིས་ རང་དབང་ཐེངས་ ༢ པ་ ཐོབ་ཡོདཔ་སྦེ་ བཤདཔ་ཨིན་པས།
ཡུ་ནུཛ་གིས་ བང་ལ་དེཤ་ལུ་ གནས་སྐབས་གཞུང་གི་ དབུ་ཁྲིད་སྦེ་ ཁས་བླངས་དམ་བཅའ་ཕུལ་བའི་ཤུལ་ལས་ རྒྱ་གར་གྱི་བློན་ཆེན་ ན་རེན་ད་ར་ མོ་དི་གིས་ མི་སྡེ་བརྡ་བརྒྱུད་ཐོག་ལས་ བཀྲིས་ལེགས་སྨོན་གྱི་ ཡིག་འཕྲིན་སྤེལ་མིའི་ནང་ རྒྱ་གར་གཞུང་གི་ ཁ་ཐུག་ལས་ ཞི་བདེ་དང་ སྲུང་སྐྱོབ་ གོང་འཕེལ་ཚུ་གི་དོན་ལུ་ ཁྱིམ་མཚེས་རྒྱལ་ཁབ་དང་གཅིག་ཁར་ མཉམ་འབྲེལ་འཐབ་ནི་ཨིནམ་སྦེ་ འཁོད་དེ་འདུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: