
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ བར་ཛིལ་གྱི་ས་གནས་ སའོ་པའོ་ལོ་ལུ་ ལུང་ཕྱོགས་ཀྱི་ གནམ་གྲུ་ཅིག་ལུ་ ཐུག་རྐྱེན་བྱུང་མིའི་ནང་ འགྲུལ་པ་གྲངས་ ༦༡ པོ་ག་ར་ལུ་ ཤི་རྐྱེན་བྱུང་ཡོདཔ་ད་ དེ་ཡང་ གནམ་གྲུ་དེ་ ས་ཁར་མ་བུད་པའི་ཧེ་མར་ གནམ་ཁར་པད་སྐོར་བསྒྱིར་ཏེ་ སྡོད་ཡོདཔ་ཨིན་པས།
ལུང་ཕྱོགས་གནམ་གྲུའི་ལས་སྡེ་ ཝི་ཡོ་པཱཛ་གིས་ བཤད་ོ་བཟུམ་འབད་བ་ཅིན་ གནམ་གྲུ་དེ་ ཀཱ་སི་ཀ་ཝེལ་ལས་ སའོ་པའོ་ལོ་ རྒྱལ་སྤྱི་གནམ་གྲུའི་ཐང་ནང་ཆགས་ནི་སྦེ་ འཕུར་ཡོདཔ་ད་ ཉི་མའི་ཆུ་ཚོད་ ༡.༣༠ དེ་ཅིག་ཁར་ སའོ་པའོ་ལོའི་ ནུབ་བྱང་ཕྱོགས་ལུ་ བུད་སོངཔ་ཨིན་པས།
མི་སྡེ་བརྡ་བརྒྱུད་ཀྱི་ བརྙན་ཐུང་ཚུ་ནང་ གནམ་གྲུ་ཨེ་ཊི་ཨར་-༧༢ འབད་མི་དེ་ སྡོད་ཁྱིམ་ཚུ་ཡོད་སའི་ ཉེ་འདབས་ལུ་ ཤིང་ཚང་ནང་ མ་བུད་པའི་ཧེ་མར་ པད་སྐོར་བསྒྱིར་སར་དང་ ས་ཁར་བུད་བའི་ཤུལ་ལུ་ དུ་པ་གནམ་ཁར་འགྱོ་སར་ གསལ་སྟོན་འབད་ཡོདཔ་ད་ དེ་བསྒང་ གནམ་གྲུ་དེ་ནང་ མཁའ་འགྲུལཔ་ ༥༧ དང་ གནམ་གྲུའི་ལས་བྱེདཔ་ ༤ སྡོད་ཡོདཔ་ཨིན་པས།
གནམ་གྲུ་བུད་སའི་ ཉེ་འདབས་ལུ་སྡོད་ ཌེ་ནི་ཡེར་ ཌོ་ལི་མ་གིས་ བཤད་དོ་བཟུམ་འབད་བ་ཅིན་ ཁོ་གིས་ སྐད་སྦོམ་ཅིག་གོ་སྟེ་ ཕྱི་ཁར་ཐོན་བལྟཝ་ད་ གནམ་གྲུ་དེ་ པད་སྐོར་བསྒྱིར་ཏེ་ གདོང་ཕྱོགས་ལུ་ འགྱོ་ནི་མིན་པར་ ཐད་ཀར་དུ་ ས་ཁར་བུད་དེ་ གས་སོང་ཡི་ཟེར་ཨིན་པས།
ཝེ་ལི་ནོཛ་ཁྲོམ་སྡེའི་ འགོ་དཔོན་ཚུ་གིས་ གནམ་གྲུ་དེ་ ས་གནས་ཀྱི་ སྡོད་ཁྱིམ་ཅིག་གི་ རྒྱབ་ཁར་བུད་སོངཔ་ལས་ སྡོད་ཁྱིམ་ལུ་ གནོད་པ་བྱུང་ཡོད་རུང་ མི་ལུ་ གནོད་སྐྱོན་ག་ནི་ཡང་ མ་བྱུངམ་སྦེ་ བཤདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 405
Users Yesterday : 1729
This Month : 4207
This Year : 184110
Total Users : 895926
Views Today : 1799
Total views : 2632116
Who's Online : 13