དཔལ་འབྱོར་ལྷན་ཐབས་ལས་འཆར་གྱི་ སྐྱེད་ཆུང་སྐྱིན་འགྲུལ་དོན་ལས་ དངུལ་ཁང་ཚུ་ལུ་ དངུལ་ཀྲམ་ཐེར་འབུམ་ ༥.༣ བགོ་བཀྲམ།

སྤྱི་ཟླ་ ༨ པའི་ཚེས་ ༧ ལུ་ དཔལ་འབྱོར་ལྷན་ཐབས་ལས་འཆར་ཐོག་ལས་ གཏའམ་བཙུགས་མ་དགོ་པའི་ སྐྱེད་ཆུང་སྐྱིན་འགྲུལ་དང་ ཚོང་འབྲེལ་གྱི་ དཀའ་ངལ་ཚུ་ སེལ་ཐབས་ལུ་ གཞུང་གི་ཁ་ཐུག་ལས་ དངུལ་ཁང་ཚུ་ལུ་ དངུལ་ཀྲམ་ཐེར་འབུམ་ ༥.༣ བགོ་བཀྲམ་འབད་ནུག།
དེ་བསྒང་ དཔལ་འབྱོར་ལྷན་ཐབས་ལས་འཆར་གྱི་ ཚོགས་ཆུང་ཁྲི་འཛིན་ དངུལ་རྩིས་བློན་པོ་ ལས་སྐྱིད་རྡོ་རྗེ་གིས་ གསུངས་དོ་བཟུམ་འབད་བ་ཅིན་ གོ་རིམ་དང་པའི་ནང་ དངུལ་སྐྱེད་མར་ཕབ་དང་ གོ་རིམ་ ༢ པའི་ནང་ གཞུང་དང་ ཡང་ཅིན་ ལས་འཛིན་ཚུ་གིས་ ལག་ལེན་འཐབ་ནིའི་དོན་ལུ་ སྤྱིར་བཏང་གཞི་རྟེན་དང་ ཚོང་འབྲེལ་གྱི་ གནས་སྟངས་གོང་འཕེལ་གཏང་ནི་ལུ་ གཙོ་རིམ་བཟུང་སྟེ་ཡོད་ཟེར་ཨིན་པས།
དེ་བཟུམ་མའི་ སྐྱེད་ཆུང་སྐྱིན་འགྲུལ་ཚུ་ཡང་ སོ་ནམ་དང་ སྒོ་ནོར་ ནང་བཟོ་དང་ བཟོ་གྲྭ་ཆུང་བ་ དེ་ལས་ ཐོན་སྐྱེད་དང་ བཟོ་སྐྲུན་གྱི་ བཟོ་གྲྭ་བར་མ་ཚུ་གི་དོན་ལུ་ཨིནམ་མ་ཚད་ ཚོང་འབྲེལ་ཡར་དྲག་གཏང་ནི་ལུ་ འོས་འབབ་དང་ གོ་སྐབས་ཡོད་མི་ཚུ་ལུ་ཡང་ འཐོབ་ནི་ཨིན་པས།
དངུལ་སྐྱེད་དེ་ བརྒྱ་ཆ་ ༤ འོག་རྒྱུ་དང་ གཏའམ་ག་ནི་ཡང་ བཙུགས་མ་དགོ་རུང་ ལས་འགུལ་གྱི་ རྒྱུ་དངོས་ཚུ་གིས་ རྒྱབ་རྟེན་འབད་དགོཔ་ད་ ཚོང་འབྲེལ་གྱི་ རྒྱབ་སྐྱོར་མ་དངུལ་འོག་ལུ་ སྐྱིན་འགྲུལ་བྱིན་ནི་གི་ ཐབས་ལམ་ ༢ ཡོད་མི་དེ་ཡང་ དངུལ་སྐྱེད་མར་ཕབ་དང་ བསྐྱིན་ཚབ་དེ་ ལོ་ངོ་ ༣ གྱི་ ནང་འཁོད་ལུ་ ཚོང་འབྲེལ་འཐབ་མི་ཚུ་གིས་ བསྐྱིན་ཚབ་བཏབ་མ་ཚར་མིའི་ སྐྱེད་བརྒྱ་ཆ་ ༤ ཡང་ གཞུང་གིས་ བཏབ་ནི་སྦེ་ཨིན་པས།
དེ་ཡང་ དཔེར་ན་ དངུལ་ཁང་ཚུ་གི་ སྐྱིན་འགྲུལ་གྱི་སྐྱེད་དེ་ བརྒྱ་ཆ་ ༡༠ ཨིན་པ་ཅིན་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱེད་བརྒྱ་ཆ་ ༦ མ་གཏོགས་ བཏབ་མ་དགོ་མི་དེ་ཡང་ བརྒྱ་ཆ་ ༤ པོ་དེ་ དཔལ་འབྱོར་ལྷན་ཐབས་ཀྱི་ མ་དངུལ་ཐོག་ལས་ མར་ཕབ་འབད་ནི་ཨིན་རུང་ སྐྱིན་འགྲུལ་ལེན་མི་ཚུ་གིས་ སྐྱེད་མར་ཕབ་དང་ ཡང་ཅིན་ ཁ་སྐོང་སྐྱིན་འགྲུལ་ ༢ ལས་ ༡ མ་གཏོགས་ མི་འཐོབ་ནི་ཨིན་པས།
བློན་པོ་གིས་ ལས་འཆར་དེ་ མཐར་འཁྱོལ་ཅན་སྦེ་ བཟོ་དགོཔ་བཞིན་དུ་ རྒེད་འོག་དང་ རྫོང་ཁག་ཚུ་ནང་ ནང་འདྲེན་དང་ ཚོང་འབྲེལ་ ཡང་ཅིན་ རང་སྤྱོད་མིན་པའི་ ཐོན་སྐྱེད་དང་ བཟོ་སྐྲུན་འབད་ནིའི་དོན་ལས་ མ་དངུལ་གྱི་ དགོས་མཁོ་ཡོད་མི་ཚུ་ལུ་ མ་དངུལ་ཚུ་ འཐོབ་ཚུགསཔ་བཟོ་ཐབས་ལུ་ སོ་ནམ་དང་ སྒོ་ནོར་ལྷན་ཁག་གི་ རྒྱ་སྐྱེད་འགོ་དཔོན་ཚུ་ལུ་ཡང་ ཐབས་རིག་གི་ རྒྱབ་སྐྱོར་ཚུ་བྱིན་ནི་ཨིན་པས།
མ་དངུལ་བགོ་བཀྲམ།
གཞུང་གིས་ སྐྱིན་འགྲུལ་དེ་གི་དོན་ལས་ སོ་ནམ་དང་ སྒོ་ནོར་ལས་སྡེའི་ནང་ དངུལ་ཀྲམ་ས་ཡ་ ༥༠༠ བགོ་བཀྲམ་འབད་དེ་ཡོདཔ་ད་ འོས་འབབ་ཅན་ཚུ་གིས་ སྐྱེད་བརྒྱ་ཆ་ ༤ གི་ཐོག་ལུ་ སྐྱིན་འགྲུལ་དངུལ་ཀྲམ་ས་ཡ་ ༡ ཚུན་ འཐོབ་ཚུགས་ནི་དང་ སྐྱེད་མར་ཕབ་ཀྱི་ དུས་ཡུན་དེ་ཡང་ དངུལ་ཁང་རང་སོ་གིས་ ཐག་གཅད་ནི་ཨིན་པས།
ལས་འཆར་དེ་ནང་ ལོ་ཐོག་འཛུགས་སྐྱོང་དང་ ཉ་གསོ་སྐྱོང་ བྱ་དང་ ཕགཔ་ ནོར་དང་ སེམས་ཅན་གཞན་ གསོ་སྐྱོང་འབད་ནི་དང་ སོ་ནམ་འཕྲུལ་ཆས་དང་ སོ་ནམ་གཞི་རྟེན་དང་ རྒྱབ་སྐྱོར་ ཨོམ་གི་ཐོན་སྐྱེད་ཚུ་ ཚུདཔ་ཨིན་པས།
ཐོན་སྐྱེད་དང་ བཟོ་སྐྲུན་འོག་ལུ་ ནང་བཟོ་དང་ བཟོ་གྲྭ་ཆུང་བའི་དོན་ལས་ ཞབས་ཏོག་ལས་སྡེ་མ་གཏོགས་ བཟོ་སྐྲུན་དང་ བཟོ་བཅོས་མ་འབད་བར་ རང་བཞིན་དང་ གཙོ་རིམ་སོ་ནམ་ལུ་ གཞུང་གིས་ དངུལ་ཀྲམ་ས་ཡ་ ༥༠༠ བགོ་བཀྲམ་འབད་ནུག།
དེ་ཡང་ ཚོང་འབྲེལ་གཞི་བཙུགས་ གོང་འཕེལ་གཏང་ནིའི་དོན་ལས་ དངུལ་ཀྲམ་ས་ཡ་ ༣༠༠ དང་ གློག་བརྙན་ཐོན་སྐྱེད་ ཡར་དྲག་གཏང་ནི་ལུ་ དངུལ་ཀྲམ་ས་ཡ་ ༢༠༠ བགོ་བཀྲམ་འབད་ཡོདཔ་ད་ ལས་སྡེ་ཚུ་གིས་ སྐྱིན་འགྲུལ་ཚུ་ཡང་ དངུལ་ཀྲམ་ས་ཡ་ ༡༠ ཚུན་ འཐོབ་ཚུགས་ནི་དང་ སྐྱིན་འགྲུལ་གྱི་ དུས་ཡུན་དེ་ དངུལ་ཁང་རང་སོ་གིས་ ཐག་གཅད་ནི་ཨིན་པས།
ཐོན་སྐྱེད་དང་ བཟོ་སྐྲུན་ལས་སྡེའི་ནང་ སོ་ནམ་ཐོན་སྐྱེད་དང་ རང་བཞིན་ཐོན་སྐྱེད་ཀྱི་དོན་ལུ་ དངུལ་ཀྲམ་ཐེར་འབུམ་ ༡.༨ བགོ་བཀྲམ་འབད་ཡོདཔ་ད་ སྐྱིན་འགྲུལ་ལེན་མི་ཚུ་གིས་ དངུལ་ཀྲམ་ས་ཡ་ ༡༠ ལས་ དངུལ་ཀྲམ་ས་ཡ་ ༡༠༠ ཚུན་ སྐྱིན་འགྲུལ་འཐོབ་ཚུགས་ནི་ཨིན་པས།
དེ་མ་ཚད་ གཞུང་གིས་ ཚོང་འབྲེལ་ཡར་དྲག་གི་དོན་ལུ་ཡང་ དངུལ་ཀྲམ་ཐེར་འབུམ་ ༢ བགོ་བཀྲམ་འབད་ཡོདཔ་ད་ ལས་འཆར་དེ་གི་འོག་ལུ་ ཚོང་འབྲེལ་གྱི་ དཀའ་ངལ་ཡོད་མི་དང་ བསྐྱར་གསོ་འབད་ནི་ འོས་འབབ་ཡོད་མི་ཚུ་གིས་ སྐྱིན་འགྲུལ་འཐོབ་ཚུགས་ནི་ཨིན་པས།
ཨིན་རུང་ ཁྱིམ་བཟོ་དང་ སྐྱེལ་འདྲེན་ ཚོང་འབྲེལ་ བཟའ་ཁང་དང་ ལྟ་བཤལ་ལས་སྡེ་ཚུ་གིས་ མ་དངུལ་འཐོབ་ནི་གི་ འོས་འབབ་མེདཔ་ད་ དཔལ་འབྱོར་ལྷན་ཐབས་ལས་འཆར་འོག་ལུ་ སྐྱིན་འགྲུལ་ལེན་མི་ཚུ་གིས་ ལས་འགུལ་གྱི་ གནས་གོང་དང་འཁྲིལ་ཏེ་ སྐྱིན་འགྲུལ་བརྒྱ་ཆ་ ༩༠ ཚུན་ འཐོབ་ཚུགས་ནི་ཨིན་པས།
སྐྱེད་ཆུང་སྐྱིན་འགྲུལ་དང་ ཚོང་འབྲེལ་ལྷན་ཐབས་ཀྱི་ མ་དངུལ་ཚུ་ འབྲུག་གི་དངུལ་ཁང་དང་ འབྲུག་རྒྱལ་ཡོངས་དངུལ་ཁང་ འབྲུག་གོང་འཕེལ་དངུལ་ཁང་ འབྲུག་པི་ཨེན་བི་དངུལ་ཁང་ དེ་ལས་ བཀྲིས་དངུལ་ཁང་ཚུ་བརྩིས་ཏེ་ དངུལ་ཁང་ ༥ དང་ དངུལ་ཁང་མིན་པའི་ལས་སྡེ་ འབྲུག་རྒྱལ་ཉེན་སྲུང་ཚད་དང་ འབྲུག་ཉེན་བཅོལ་ཚད་འཛིན་ དེ་ལས་ རྒྱལ་ཡོངས་དགོངས་ཞུ་དང་ འཚོ་རྟེན་དངུལ་ཁང་ཚུ་ལས་ཡང་ འཐོབ་ཚུགས་ནི་ཨིན་པས།
དངུལ་ཁང་ཚུ་གིས་ སྐྱིན་འགྲུལ་གྱི་ ཚད་གཞི་དང་ བྱ་རིམ་ཚུ་གི་སྐོར་ལས་ གསལ་བསྒྲགས་འབད་ནི་ཨིནམ་ད་ སྐྱེད་ཆུང་དང་ ཚོང་འབྲེལ་རྒྱབ་སྐྱོར་གྱི་ སྐྱིན་འགྲུལ་དོན་ལུ་ ཡི་གུ་ཚུ་ཡང་ དུས་ཅི་ སྤྱི་ཟླ་ ༡༢ པའི་ཚེས་ ༣༡ ཚུན་ཨིན་པའི་གནས་ཚུལ།

Please follow and like us: