
སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ ཉི་ཡོལ་ཆུ་ཚོད་ཕྱེད་དང་ ༣ དེ་ཅིག་ཁར་ ཆརཔ་སྦོམ་སྦེ་ རྐྱབ་ནི་དེ་གིས་ ཐིམ་ཕུ་བདེ་ཆེན་ཆོས་གླིང་ གདངས་ར་ནང་གི་ རོང་ཆུ་དེ་ གློ་བུར་དུ་སྦོམ་སོང་སྟེ་ ཆུ་རུད་ཐོན་ཡོདཔ་ལས་ མི་གི་ཚེ་སྲོག་དང་ རྒྱུ་དངོས་ཚུ་ལུ་ གནོད་སྐྱོན་བྱུང་ནུག།
དེ་ཡང་ བདེ་སྲུངཔ་དང་ དམག་མི་ཚུ་གིས་ བདེ་ཆེན་ཆོས་གླིང་ ཁྲོམ་གྱི་ས་ཁོངས་ནང་ ཆུ་རུད་ཐོན་མི་ སྒྲིང་ཁྱིམ་ཅིག་གི་ནང་ལས་ ཕོ་སྐྱེས་ཅིག་གི་ ཕུངམོ་ཐོབ་ཡོདཔ་མ་ཚད་ ཨམ་སྲུ་ཅིག་ཡང་ ནད་པའི་འགྲུལ་འཁོར་ནང་སྦེ་ སྨན་ཁང་ནང་ བསྐྱལ་ཡོདཔ་ཨིན་པས།
དེ༌མ༌ཚད༌ ཆུ་རུད་དེ་གིས་ བདེ་ཆེན་ཆོས་གླིང་ ཁྲོམ་གྱི་ས་ཁོངས་ནང་ཡོད་མི་ སྦ་སྒོར་ལེ་ཤ་ཅིག་ཡང་ ཕྱགས་བདའ་བའི་ཁར་ སྣུམ་འཁོར་དག་པ་ཅིག་ལུ་ཡང་ གནོད་སྐྱོན་བྱུང་ནུག།
མི་རྗེ་བློན་ཆེན་མཆོག་གིས་ མི་སྡེ་བརྡ་བརྒྱུད་ ཕེཛ་བུག་ནང་ བཀོད་དོ་བཟུམ་འབད་བ་ཅིན་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ བཀའ་རྒྱ་ལྟར་དུ་ དམག་སྡེ་དང་ བདེ་སྲུངཔ་ ལྷན་རྒྱས་གཞུང་ཚོགས་ཀྱི་ བློན་པོ་ཚུ་གིས་གཙོས་པའི་ གཞུང་གི་དྲུང་ཆེན་དང་ ཞི་གཡོགཔ་ དེ་ལས་ ཁས་བླངས་པ་ཚུ་གིས་ རྐྱེན་ངན་བྱུང་སའི་ ས་ཁོངས་ནང་ གནོད་སྐྱོན་བྱུང་མི་ མི་ངོམ་ག་ར་ལུ་ གྲོགས་རམ་ཚུ་ གང་མགྱོགས་སྦེ་ འཐོབ་ཐབས་ལུ་ ལཱ་འབད་དོ་ཟེར་ཨིན་པས།
དེ་ལས་ ཝང་ཆུའི་མཐའམ་བདའ་སྟེ་ཡོད་མི་ སྡོད་ཁྱིམ་ཚུ་ནང་སྡོད་མི་ མི་སེར་ཚུ་ཡང་ དྲན་ཤེས་ཐོག་ལུ་ སྡོད་དགོ་པའི་ཁར་ གློ་བུར་གྱི་ བཀོད་རྒྱ་ཚུ་ཡང་ ལག་ལེན་འཐབ་དགོ་པའི་ དྲན་སྐུལ་ཚུ་ཡང་ གནང་ཡོད་པའི་གནས་ཚུལ།





Users Today : 677
Users Yesterday : 1729
This Month : 4479
This Year : 184382
Total Users : 896198
Views Today : 2269
Total views : 2632586
Who's Online : 8