སྤ་རོ་བོང་སྡེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ རིན་ཆེན་གཏེར་མཛོད་ཀྱི་བཀའ་དབང་།

ཤིང་འབྲུག་ཟླཝ་ ༧ པའི་ཚེས་ ༦ སྤྱི་ཟླ་ ༨ པའི་ཚེས་ ༡༠ ལུ་ སྤ་རོ་བོང་སྡེ་ ཨྱོན་པདྨ་ཟངས་མདོག་དཔལ་རིའི་ ས་ཁོངས་ནང་ སྐྱབས་རྗེ་ཞེ་ཆེན་རབ་འབྱམས་རིན་པོ་མཆོག་གིས་ རིན་ཆེན་གཏེར་མཛོད་ཀྱི་ བཀའ་དབང་གནང་ནི་ འགོ་བཙུགས་ཏེ་ ཉིན་གྲངས་ ༦༨ སོང་ནུག།
ཉིནམ་དེ་ཁར་ བཀའ་དབང་ཚུ་ཡང་ གསང་བ་མནྡཱ་ར་བ་དཀར་མི་ ལྷ་དགུའི་དབང་དང་། དེ་ཁོ་ན་ཉིད་ ཡེ་ཤེས་མཚོ་རྒྱལ་ དཀར་དམར་ལྷ་དགུའི་དབང་། མཆོག་གླིང་གདམས་ཟབ་བེ་བུམ་ གསང་བ་ཡེ་ཤེས་དབང་། གཏེར་ཆེན་གཅོད་དབང་ འཁོར་འདས་ཞི་གྲོལ་དབང་། རྡོར་གླིང་ཡབ་སྲས་བཅུད་དྲིལ་དབང་། ཀུན་གྲོལ་མཁའ་འགྲོའི་ གསང་མཛོད་དབང་། མཁྱེན་བརྩེའི་རྗེས་དྲན་ བཻ་རོའི་ཐུགས་ཏིག་དབང་ཚུ་དང་།
དེ་བཟུམ་སྦེ་ མཆོག་གླིང་བོན་རྩིས་གཏོར་དབང་དང་ རྨ་རྒྱལ་སྤོམ་རའི་བཀའ་གཏད། ཀློང་གསལ་བསྙེན་སྒྲུབ་སྤྱི་གཅེས་ བདུད་རྩི་འཁྱིལ་བའི་དབང་། གནམ་ཆོས་ཐུགས་གཏེར་ བདུད་རྩི་འཁྱིལ་བའི་དབང་། གནམ་ཆོས་མ་ཧཱ་བྷ་ལའི་དབང་། གནམ་ཆོས་ཐུགས་གཏེར་ལས་ ཀུན་ཐུབ་རྒྱལ་མོའི་དབང་། གནམ་ཆོས་མེ་ལྷའི་བཀའ་གཏད་ཚུ་ གནང་ཡོདཔ་ཨིན་པས།
རང་ཟླ་ ༤ པའི་ཚེས་ ༢༡ སྤྱི་ཟླ་ ༥ པའི་ཚེས་ ༢༩ ལས་ འགོ་བཙུགས་མི་ རིན་ཆེན་གཏེར་མཛོད་ཀྱི་ དབང་ལུང་ཁྲིད་ ༣ དེ་ ཟླ་ངོ་ཕྱེད་དང་ ༤ གི་རིང་ལུ་ གནང་ནི་ཨིན་མིའི་ནང་ལས་ ལྗགས་ལུང་དེ་ འཇུག་བསྡུ་ཡོདཔ་ད་ དེ་སྦེ་ དབང་ལུང་ཁྲིད་ ༣ གནང་སར་ ཉིན་བསྟར་བཞིན་དུ་ མཁན་སྤྲུལ་དང་ བླ་སློབ་ དགེ་སློང་ སྒོམ་ཆེན་ ཨ་ཎེམ་ མི་སེར་ཚུ་རྩིས་ཏེ་ མི་ ༡༠,༠༠༠ དེ་རེ་ཡོདཔ་ཨིན་པའི་གནས་ཚུལ།

Please follow and like us: