ག་ཟ་ལུ་ ཨིཛ་རེལ་གྱིས་ གནོད་འཚུབ་བཀལ་མིའི་ནང་ ཨ་ལོ་ཚུ་དམར་བསད།

ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ ག་ཟ་ཞི་བའི་སྲུང་སྐྱོབ་ལས་སྡེ་གིས་ སྙན་ཞུ་འབད་མི་དང་འཁྲིལཝ་ད་ ཉིན་ཞག་ ༡ གི་ ནང་འཁོད་ལུ་ར་ ཨིཛ་རེལ་གྱི་ དམག་མི་ཚུ་གིས་ ག་ཟ་ཁྲོམ་ཚོགས་ཀྱི་ བྱང་ཕྱོགས་ལུ་ཡོད་མི་ ཇ་བ་ལི་ཡ་ཟེར་མི་ སྐྱབས་བཅོལ་བའི་ སྡོད་སྒར་ཚུ་གུ་ གནོད་འཚུབ་བཀལ་ཏེ་ ཨ་ལོ་ཆུང་ཀུ་ཚུ་གིས་གཙོས་པའི་ པེ་ལིཛ་ཊིན་གྱི་ མི་སེར་དག་པ་ཅིག་ར་ དམར་བསད་འབད་ཡོདཔ་མ་ཚད་ ལེ་ཤ་ཅིག་ལུ་ཡང་ རྨ་སྐྱོན་བྱུང་ནུག་ཟེར་ཨིན་པས།
དེ་བཟུམ་སྦེ་ ཝེཛ་བེང་ ས་ཁོངས་ནང་སྡོད་མི་ ཨིཛ་རེལ་གྱི་ མི་ཚུ་གིས་ པེ་ལིཛ་ཊིན་གྱི་ མི་སྡེ་ཚུ་ལུ་ གནོདཔ་བཀལཝ་ད་ པེ་ལིཛ་ཊིན་གྱི་ མི་སེར་ཅིག་ལུ་ ཤི་རྐྱེན་དང་ གཞན་མི་ལེ་ཤ་ཅིག་ལུ་ རྨ་སྐྱོན་བྱུང་ཡོདཔ་ད་ དེ་ཡང་ ཨིཛ་རེལ་གྱི་ མི་ཚུ་གིས་ སྣུམ་འཁོར་ཚུ་ལུ་ མེ་སྤར་བའི་གུ་ རྒྱུ་དངོས་ཚུ་ལུ་ཡང་ གནོདཔ་ལེ་ཤ་ཅིག་ བཀལ་ཡོདཔ་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༡༥ ལུ་ ཀ་ཏཱར་རྒྱལ་ཁབ་ཀྱི་ ཕྱི་འབྲེལ་ལྷན་ཁག་གི་ མགྲིན་ཚབ་དང་ ཡུ་ཨེཛ་གི་ འགོ་དཔོན་ཅིག་གིས་ ཨིཛ་རེལ་དང་ ཧ་མཱཛ་གི་བར་ན་ ཕྱད་མདའ་མཚམས་འཇོག་གི་དོན་ལུ་ འདུམ་འགྲིག་འབད་མི་ ཀ་ཏཱར་དང་ ཨི་ཇིབ་ དེ་ལས་ ཡུ་ཨེཛ་ཚུ་གི་བར་ན་ བསྟུན་གྲོས་ཚུ་ ལེགས་ཤོམ་སོང་ཡི་ཟེར་་ ཨིན་པས།
ག་ཟ་ལུ་ ཨིཛ་རེལ་གྱིས་ ཕྱད་མདའ་ལང་མིའི་ནང་ ད་ཚུན་གྱི་བར་ན་ མི་གྲངས་ ༤༠,༠༠༥ དེ་ཅིག་ལུ་ ཤི་རྐྱེན་དང་ ༩༢,༤༠༡ དེ་ཅིག་ལུ་ རྨ་སྐྱོན་བྱུང་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: