མཐའ་ཡས་ལེན་ རྒྱལ་ཁབ་ནང་ ཨམ་པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བློན་ཆེན་སྦེ་བཙག་འཐུ།

རོའི་ཊརཛ།
མཐའ་ཡས་ལེན་ལུ་ དབང་ཤུགས་ཅན་ཚུ་གིས་ གཞུང་དབང་གི་དོན་ལས་ བརྩོན་ཤུགས་བསྐྱེད་པའི་བར་ན་ སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ བློན་ཆེན་གྱི་དོན་ལས་ ལོ་ན་ཆུང་ཤོས་ཨིན་མི་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ སྤྱི་ཚོགས་ནང་ལས་ གདམ་འཐུ་གྲུབ་ཡོདཔ་ཨིན་པས།
སྐྱེས་ལོ་ ༣༧ འབད་མི་ པེ་ཏོང་ཏ་རཱན་དེ་ སྲིད་འབྲེལ་སྟོབས་ཅན་ ཐག་སིན་ཤི་ན་ཝ་ཏ་ར་གི་ བུམོ་ཨིནམ་ད་ མཐའ་ཡས་ལེན་གྱི་བློན་ཆེན་ སེ་རེ་ཐ་ ཐ་ཝི་སིམ་དེ་ རྩ་ཁྲིམས་ཅན་གྱི་ ཁྲིམས་འདུན་ལས་ ཕྱིར་དབྱུང་འབད་དེ་ ཉིན་གྲངས་ ༢ ཀྱི་ ནང་འཁོད་ལུ་ སྤྱི་ཚོགས་ནང་ལས་ ཚོགས་རྒྱན་བཙུགས་ཏེ་ བློན་ཆེན་གྱི་ གོ་གནས་ཁར་ བཙག་འཐུ་གྲུབ་ནུག།
དེ་ཡང་ འདས་པའི་ལོ་ངོ་བཅུ་ཕྲག་ ༢ དེ་ཅིག་གི་རིང་ལུ་ བཟའ་ཚང་ཕྱུག་ཤོས་ ཤི་ན་ཝ་ཏ་ར་གིས་ གཞུང་སྐྱོང་འབད་བའི་ཤུལ་ལས་ ན་ཧིང་ བཙག་འཐུའི་ནང་ལས་ ཕམ་སོངཔ་ཨིན་པས།
ད་རེས་ བཙག་འཐུ་གྲུབ་མི་ པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་མི་ ཨམ་སྲུ་ ༢ པ་ཨིནམ་ད་ དང་པ་དེ་ མོ་རའི་ཨ་ཎེ་ ཡིང་ལུག་ ཤི་ན་ཝ་ཏ་ར་ཨིན་པས།
པེ་ཏོང་ཏ་རཱན་ ཤི་ན་ཝ་ཏ་ར་དེ་ བློན་ཆེན་སྦེ་ བཙག་འཐུ་གྲུབ་པའི་ཤུལ་ལུ་ བཤད་དོ་འབད་བ་ཅིན་ བློན་ཆེན་བགྲེསཔ་ སེ་རེ་ཐ་ ཕྱིར་དབྱུང་འབད་མི་ལུ་ སེམས་སྐྱོ་ཡོདཔ་མ་ཚད་ ག་དེ་སྦེ་ཨིན་ན་ཡང་ མ་ཤེས་པར་ མགུ་ཐོམ་སི་སི་སྦེ་ གནས་དགོཔ་བྱུང་པའི་ཤུལ་ལུ་ མོ་གིས་ དོ་འགྲན་འབད་ནི་གི་ སེམས་ཐག་བཅད་ཅི་ཟེར་ ཨིན་པས།
མོ་གིས་ ད་ལས་ཕར་ རྒྱལ་ཁབ་ཀྱི་ གོམ་པ་མདུན་སྤོའི་ནང་ བརྩོན་ཤུགས་ག་དེ་དྲག་དྲག་ བསྐྱེད་ནི་ཨིན་པའི་ཁར་ ད་རེས་ཡང་ དེ་སྦེ་ར་འབད་དོ་ཡོདཔ་ལས་ སེམས་དགའ་ཡི་ཟེར་ཨིན་པས།
སྤྱི་ཚོགས་ནང་ལས་ མོ་གིས་ ཚོགས་རྒྱན་བསྡོམས་ ༣༡༩ ཐོབ་མི་དེ་ ཚོགས་རྒྱན་ཡོངས་བསྡོམས་ལས་ གསུམ་དཔྱ་ ༡ གི་རྩིས་ ཐོབ་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།

Please follow and like us: