
བསྟན་འཛིན་འཕྲིན་ལས།
རྒྱལ་ཁབ་ནང་ ལོ་ངོ་ ༢ ཀྱི་རིང་ལུ་ སྣུམ་འཁོར་ནང་འདྲེན་ བཀག་དམ་འབད་དེ་ བཞག་མི་དེ་ ད་རིས་ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལས་ ཡངས་ཆག་གནང་ཡོདཔ་ད་ དེ་ཡང་ དཔལ་འབྱོར་ཡར་དྲགས་འགྱོ་བའི་ བརྡ་མཚོན་དང་བསྟུན་ཏེ་ ཡངས་ཆག་གནངམ་ཨིན་ཟེར་ སྤྱི་ཟླ་ ༨ པའི་ཚེས་ ༡༦ ལུ་ དངུལ་རྩིས་ལྷན་ཁག་ལས་ གསལ་བསྒྲགས་གནང་ཡི།
དེ་ཡང་ རྒྱལ་ཁབ་ནང་ ཕྱི་དངུལ་གསོག་འཇོག་གི་ གནས་སྟངས་ལེགས་ཤོམ་མེད་མི་དང་ ཉེར་མཁོ་ནང་འདྲེན་འབད་གོཔ་སྦེ་ རྩ་ཁྲིམས་ཆེན་མོའི་ནང་ འཁོད་དེ་ཡོད་པ་ལུ་བརྟེན་ཏེ་ འདས་པའི་གཞུང་གིས་ སྤྱི་ལོ་ ༢༠༢༢ སྤྱི་ཟླ་ ༨ པའི་ཚེས་ ༡༨ ལས་ བཀག་དམ་འབད་ནུག།
དངུལ་རྩིས་ལྷན་ཁག་ལས་ གསལ་བསྒྲགས་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ང་བཅས་རའི་ རྒྱལ་ཁབ་ནང་ དཔལ་འབྱོར་གྱི་ གནས་སྟངས་ཆ་ཚང་སྦེ་ བསྐྱར་ཞིབ་འབད་བའི་སྐབས་ལུ་ ཡར་དྲགས་སོང་ཡོད་པའི་ མངོན་གསལ་བྱུང་མི་ལུ་བརྟེན་ཏེ་ ཡངས་ཆག་གནང་ཡི་ཟེར་ཨིན་པས།
ད་རེས་ རྒྱལ་ཁབ་ནང་ སྣུམ་འཁོར་ནང་འདྲེན་ ཡངས་ཆག་དང་འབྲེལ་ཏེ་ སྣུམ་འཁོར་གྱི་གྱངས་ཁ་ ཡར་སེང་འགྱོ་ནི་ཨིནམ་ལས་ ཁྲོམ་སྡེ་ཚུ་ནང་ དམིགས་བསལ་གྱི་ མཐུན་རྐྱེན་ཚུ་ཡང་ རྒྱུན་སྐྱོང་འཐབ་དགོཔ་དེ་ གཙོ་རིམ་བཟུང་དགོཔ་ཡོད་པའི་ནང་ལས་ཡང་ ཐིམ་ཁྲོམ་གྱི་དོན་ལས་ སྣུམ་འཁོར་ཐོ་བཀོད་ལམ་ལུགས་ཅིག་ བཟོ་དགོ་པའི་ བཀའ་རྒྱ་ཡང་ གནང་ཡི་ཟེར་བཀོད་ནུག།
དེ་བཟུམ་མའི་ སྣུམ་འཁོར་ནང་འདྲེན་ བཀག་དམ་ལུ་བརྟེན་ཏེ་ དུས་ཅི་ སྤྱི་ཟླ་ ༣ པ་ཚུན་གྱི་ ནང་འཁོད་ལུ་ ཕྱི་དངུལ་ཐེར་འབུམ་ ༥.༣ དེ་ཅིག་ གསོག་འཇོག་འབད་ཚུགས་ཡོདཔ་ཨིན་པས།
འབྲུག་བཟོ་སྐྲུན་དང་ སྐྱེལ་འདྲེན་དབང་འཛིན་གྱི་ གནས་སྡུད་དང་འཁྲིལ་བ་ཅིན་ རྒྱལ་ཁབ་ནང་ སྣུམ་འཁོར་ཡོངས་བསྡོམས་ ༡༢༧,༣༡༦ ཡོད་མིའི་ནང་ལས་ མང་ཤོང་ར་ ཐིམ་ཕུ་དང་ ཕུན་ཚོགས་གླིང་ལུ་ཡོདཔ་ཨིན་པའི་གནས་ཚུལ།






Users Today : 1029
Users Yesterday : 3304
This Month : 81845
This Year : 377811
Total Users : 1089627
Views Today : 1306
Total views : 3055566
Who's Online : 17