
ཨཱལ་ཇ་ཟི་ར།
སྤྱི་ཟླ་ ༡༡ པའི་ནང་ འགོ་འདྲེན་འཐབ་ནི་ཨིན་མི་ ཡུ་ཨེཛ་གི་ སྲིད་འཛིན་བཙག་འཐུའི་ནང་ ཊིམ་ཝཱལཛ་གིས་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་ ཁ་ཐུག་ལས་ སྲིད་འཛིན་འོག་མའི་ འདེམས་ངོ་སྦེ་ འཐོན་ནི་ལུ་ ངོས་ལེན་གྲུབ་ཡོདཔ་ད་ ཁོ་གིས་ མི་མང་ལུ་ བརྡ་འཕྲིན་དེ་ཡང་ དལ་དབང་དང་ རེ་བ་ཟེར་ ཁྱབ་སྤེལ་འབདཝ་ཨིན་པས།
སྤྱི་ཟླ་ ༨ པའི་ཚེས་ ༢༡ ལུ་ ཊིམ་ཝཱལཛ་གིས་ ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་ རྒྱལ་ཡོངས་མཐུན་གྲོས་ ཉིནམ་ ༣ པའི་སྐབས་ལུ་ སྲིད་ཚོགས་ཀྱི་ཧོངས་ལས་ ཁོ་གིས་ ཡུ་ཨེཛ་གི་ སྲིད་འཛིན་འོག་མའི་ འདེམས་ངོ་སྦེ་ བཏོན་མི་ལུ་ ཁ་རྗེ་བཟང་ཡི་ཟེར་ བཤད་ཡོདཔ་ད་ ཁོང་ག་ར་ མཉམ་གཅིག་འཛོམས་མི་དེ་ཡང་ རྒྱལ་ཁབ་ལུ་ གཅེས་སེམས་ཡོད་ནི་དེ་གིས་ཨིན་ཟེར་བཤད་ནུག།
སྐྱེས་ལོ་ ༦༠ འབད་མི་ ཊིམ་ཝཱལཛ་དེ་ མི་ནེ་སོ་ཏ་ མངའ་སྡེའི་སྤྱི་ཁྱབ་ཨིནམ་ད་ ད་ཚུན་ མི་ངོམ་ཡོངས་གྲགས་ཅན་ཅིག་མིན་རུང་ བདུན་ཕྲག་ ༢ ཀྱི་ཧེ་མ་ ཨམ་ཀ་མ་ལ་ ཧར་རིཛ་གིས་ མོ་དང་གཅིག་ཁར་ སྲིད་འཛིན་བཙག་འཐུའི་ནང་ དོ་འགྲན་འབད་མི་ མཉམ་རོགས་སྦེ་ གདམ་འཐུ་འབད་ཡོདཔ་ཨིན་པས།
ཝཱལཛ་གིས་ མཐུན་གྲོས་སྐབས་ལུ་ ཁོ་རའི་སྐྱེས་ཡུལ་དང་ རྒྱལ་ཡོངས་སྲུང་སྐྱོབ་ནང་ ཕྱག་ཞུ་བའི་སྐོར་ལས་དང་ སློབ་དཔོན་སྦེ་ཡང་ ཕྱག་ཞུ་ཡོད་པའི་ ལོ་རྒྱུས་ཚུ་བཤད་ནུག།
དེ་བསྒང་ ཊིམ་ཝཱལཛ་གིས་ ཁག་ཆེ་ཤོས་ར་ རང་སོའི་དལ་དབང་ཚུ་ ཉམས་སྲུང་འབད་ནི་དེ་ཨིན་ཟེར་ བཤད་ཡོདཔ་ད་ དེ་ཡང་ རེ་པབ་ལི་ཀཱན་ སྲིད་ཚོགས་ཀྱིས་ བཀག་ཆ་འབད་དེ་ཡོད་མི་ མངལ་བཤལ་དེ་ཡང་ ཨ་མི་རི་ཀའི་ མི་ཁུངས་མང་ཤོས་ཀྱིས་ར་ རང་གི་དལ་དབང་སྦེ་ བརྩིཝ་ཨིན་པས།
ཌེ་མོ་ཀེ་རི་ཊིག་ སྲིད་ཚོགས་ཀྱི་ རྒྱལ་ཡོངས་མཐུན་གྲོས་ ཉིནམ་ ༣ པའི་ གཞི་དོན་དེ་ཡང་ དལ་དབང་ཟེར་ བཞག་ཡོདཔ་ད་ མཐུན་གྲོས་དེ་ནང་ སྲིད་འཛིན་བགྲེསཔ་ བིལ་ཀི་ལིན་ཊཱོན་དང་ སྐད་འཐེན་མི་ སི་ཊི་བི་ཝཱན་ཌར་ ཇཱོན་ལེ་ནོན་ དགོད་བྲ་སྒྱུར་མི་ མིང་གཏམ་ཅན་ མིན་དི་ཀ་ལིང་ དེ་ལས་ ཡོངས་གྲགས་ཅན་གྱི་ བརྡ་བརྒྱུདཔ་ ཨོ་པར་ཝིན་ཕིར་ཚུ་གིས་ གྲལ་གཏོགས་འབད་ནུག་ཟེར་ བཀོད་འདུག་པའི་གནས་ཚུལ།




Users Today : 4109
Users Yesterday : 3320
This Month : 94553
This Year : 390519
Total Users : 1102335
Views Today : 7007
Total views : 3078067
Who's Online : 26