ཐིམ་ཕུ་ལུ་ འབྲུག་དང་ རྒྱ་ནག་གི་བར་ན་ ས་མཚམས་སྐོར་ལས་ མཁས་མཆོག་སྡེ་ཚན་གྱི་ཞལ་འཛོམས།

སྤྱི་ཟླ་ ༨ པའི་ཚེས་ ༢༠ ལས་ ༢༢ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ འབྲུག་དང་ རྒྱ་ནག་གི་ ས་མཚམས་སྐོར་ལས་ མཁས་མཆོག་སྡེ་ཚན་གྱི་ ཞལ་འཛོམས་ཐེངས་ ༡༤ པ་དེ་ ཐིམ་ཕུ་ལུ་སྦེ་ གནང་ཡོདཔ་ཨིན་པས།
ཞལ་འཛོམས་དེ་ཡང་ འབྲུག་གི་ཧོངས་ལས་ སྡེ་ཚན་འགོ་ཁྲིདཔ་ རྒྱལ་སྤྱི་ས་མཚམས་དྲུང་ཆེན་ ལས་འཕྲོ་སྟང་སྦིས་དང་ རྒྱ་ནག་གི་ཧོངས་ལས་ སྡེ་ཚན་འགོ་ཁྲིདཔ་ རྒྱ་ནག་གི་ ཕྱི་འབྲེལ་ལྷན་ཁག་ ས་མཚམས་དང་ རྒྱ་མཚོའི་ལས་དོན་ལས་ཁུངས་ཀྱི་ ཡོངས་ཁྱབ་མདོ་ཆེན་ ༢ མཉམ་འབྲེལ་ཐོག་ལས་ ཁྲི་འཛིན་མཛད་དེ་གནང་ནུག།
ཞལ་འཛོམས་དེ་ནང་ འཕྲལ་ཁམས་ཀྱི་ འདས་པའི་ལོ་ཚུ་ནང་ འབྲུག་དང་ རྒྱ་ནག་གི་ ས་མཚམས་དང་འབྲེལ་བའི་ འགྲིག་ཆའི་ལས་དོན་ཚུ་གི་ ཡར་འཕེལ་བསྐྱར་ཞིབ་མཛད་ཡོདཔ་ད་ དེ་བསྒང་ ཕྱོགས་གཉིས་ཆ་རའི་ ཁ་ཐུག་ལས་ གོ་རིམ་གསུམ་འབད་མི་ མདུན་ལམ་དང་ ཕན་ཚུན་གྱི་མཐའ་དོན་ཚུ་ མདུན་བསྐྱོད་འབད་ཐབས་ཀྱི་སྐོར་ལས་ གསུང་གྲོས་ཚུ་ཡང་ མཐུན་ལམ་ཅན་དང་ སྦ་གསང་མེད་པའི་ཐོག་ལས་ གནང་ཡོདཔ་ཨིན་པས།
དེ་དང་དུས་མཉམ་སྦེ་ ལོགས་གཅིག་ཁ་ཐུག་ལུ་ འབྲུག་དང་ རྒྱ་ནག་གི་ ས་མཚམས་བཅད་མཚམས་ བཀལ་ནི་སྦེ་ཡོད་མི་ ཁྱད་རིག་མཉམ་འབྲེལ་སྡེ་ཚན་གྱི་ ཞལ་འཛོམས་ ༢ པ་ཡང་ མཉམ་འབྲེལ་ཆིངས་ཡིག་ ལག་ལེན་གྱི་སྐོར་ལས་ གྲོས་བསྟུན་མཛད་ནུག།
གྲོས་བསྟུན་ཚུ་ཡང་ འབྲུག་དང་ རྒྱ་ནག་གི་བར་ན་ མཐུན་ལམ་དང་ མཉམ་འབྲེལ་ཚུ་དང་འཁྲིལ་ཏེ་ ཕན་ཚུན་གྱི་སེམས་ཁར་ འཐད་ཏོག་ཏོ་སྦེ་ སོང་ཡི་ཟེར་ གནས་ཚུལ་གསར་གཏོན་ནང་ བཀོད་འདུག་པའི་གནས་ཚུལ།

Please follow and like us: