
རོའི་ཊརཛ།
སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ རྒྱ་གར་བྱང་ཤར་མངའ་སྡེ་ ཏ་རི་པུ་ར་ལུ་ ས་རུད་དང་ ཆུ་རུད་ཐོན་ཏེ་ མི་གྲངས་ ༢༣ ལུ་ ཤི་རྐྱེན་བྱུང་ཡོདཔ་མ་ཚད་ མི་གྲངས་ ༦༥,༠༠༠ ལྷགཔ་ཅིག་ཡང་ དྲག་པོའི་དམག་མི་ཚུ་གིས་ ཉེན་སྐྱོབ་ཀྱི་ གྲུ་ཆུང་ཚུ་ནང་སྦེ་ ས་གནས་གཞན་ཁར་ སྤོ་བཤུད་འབད་དགོཔ་ཐོན་ནུག།
དེ་ཡང་ ཉིན་གྲངས་ ༤ གི་རིང་ལུ་ ཆརཔ་མ་ཆད་པར་ རྐྱབ་ཡོདཔ་ལས་ གཙང་ཆུ་ཚུ་གི་མཐོ་ཚད་ ཡར་སེང་སོང་ཡོདཔ་མ་ཚད་ འཁོར་ལམ་ཚུ་ཡང་ ཆུ་གིས་གང་སྟེ་ སྣུམ་འཁོར་ཚུ་ ཕར་ཚུར་སྤར་མ་ཚུགས་པར་ ལུས་ཡོདཔ་ཨིན་པས།
ད་རེས་ སྡོད་གནས་སྤོ་བཤུད་འབད་མི་ཚུ་ སྡོད་སྒར་ ༤༥༠ གི་ནང་ བཞག་སྟེ་ཡོདཔ་ད་ འགོ་དཔོན་ཚུ་གིས་འབད་བ་ཅིན་ གཞི་རྟེན་མཁོ་ཆས་དང་ ལོ་ཐོག་ སྒོ་ནོར་ཚུ་ལུ་ གནོད་སྐྱོན་བྱུང་སྟེ་ མི་གྲངས་ས་ཡ་ ༡.༧ དེ་ཅིག་ལུ་ གྱོང་རྒུད་ཕོག་ནུག་ཟེར་ཨིན་པས།
ཤི་རྐྱེན་བྱུང་མི་ཚུ་ཡང་ མང་ཤོས་ཅིག་ ས་རུད་ལུ་བརྟེན་ཏེ་དང་ ལ་ལོ་ཅིག་ རང་སོའི་སྡོད་ཁྱིམ་བརྡིབས་མིའི་ནང་དང་ ཆུ་ནང་ཐིམས་ཏེ་ ཤི་ཡོདཔ་ད་ རྒྱ་གར་གྱི་ དམག་མི་ ༨༠ ལྷགཔ་ཅིག་གིས་ ཆུའི་ཉེན་ཁ་ལས་ འབྱོག་མ་ཐལ་བར་སྡོད་མི་ ༣༣༨ དེ་ཅིག་ཡང་ སྲོག་སྐྱབས་འབད་ནུག།
དེ་བཟུམ་སྦེ་ སྤྱི་ཟླ་ ༨ པའི་ཚེས་ ༢༢ ལུ་ བང་ལ་དེཤ་གི་རྫོང་ཁག་ གོམ་ཏི་ལུ་ཡང་ གཡུས་ཚན་ཁག་ ༡༥ གི་ནང་ ཆུ་འཁྱིལ་ཏེ་ བཟའ་ཚང་བརྒྱ་ལས་བཅད་དེ་ སྡོད་གནས་སྤོ་དགོཔ་ ཐོན་ཡོདཔ་ཨིན་པས།
བང་ལ་དེཤ་གི་རྒྱལ་ས་ ཌ་ཀ་ལས་ བཤད་དོ་བཟུམ་འབད་བ་ཅིན་ ཆུ་རུད་དེ་ རྒྱ་གར་གྱི་མངའ་སྡེ་ ཏི་རི་པུ་ར་ལུ་ཡོད་མི་ ཆུའི་བཀག་ར་ལས་ རྙིགས་རོ་བསལ་བཏང་ནི་དེ་གིས་ ཐོན་ནུག་ཟེར་ཨིན་རུང་ རྒྱ་གར་གྱིས་ བརྡ་དོན་དེ་ འཛོལ་བ་ཨིན་ཟེར་བཤད་ནུག།
བང་ལ་དེཤ་ལུ་ ཆུ་རུད་དེ་གིས་ མི་གྲངས་ ༡༣ ལུ་ ཤི་རྐྱེན་དང་ གཞན་མི་གྲངས་ས་ཡ་ ༣ ལྷགཔ་ཅིག་ ཕར་ཚུར་འགྱོ་མ་ཚུགས་པར་ ལུས་ཏེ་ཡོདཔ་ཨིན་པས་ཟེར་ བཀོད་འདུག་པའི་གནས་ཚུལ།





Users Today : 4338
Users Yesterday : 3320
This Month : 94782
This Year : 390748
Total Users : 1102564
Views Today : 7387
Total views : 3078447
Who's Online : 25