
སྤྱི་ཟླ་ ༨ པའི་ཚེས་ ༢༣ ལུ་ མི་དབང་མངའ་བདག་རིན་པོ་ཆེ་དང་ མི་དབང་འབྲུག་རྒྱལ་བཞི་པ་མཆོག་གིས་ དབུ་གཙོས་པའི་ མི་དབང་སྐུ་འཁོར་ལྷན་རྒྱས་ཀྱིས་ ཐིམ་ཕུ་ཅང་ཟམ་ཏོག་ལུ་ ཅང་ཡུལ་གླིང་ག་ འགོ་འབྱེད་རྟེན་འབྲེལ་གྱི་ མཛད་སྒོའི་ནང་ དབུ་བཞུགས་མཛད་གནང་ཡོདཔ་ད་ གླིང་ག་དེ་ཡང་ ཁྲོམ་གྱི་འཆར་གཞི་དང་འཁྲིལ་ཏེ་ མི་སྡེའི་ས་གོ་གོང་འཕེལ་ གལ་གནད་ཅན་གྱི་ འབྱུང་རིམ་ཅིག་ཨིན་པས།
གླིང་ག་གོང་འཕེལ་ནང་ མི་རྗེ་བློན་ཆེན་དང་ གཞུང་གི་ཆེ་མཐོའི་འགོ་དཔོན་ཚུ་གིས་ གྲལ་གཏོགས་མཛད་པའི་ཁར་ བདེ་སྲུངཔ་ཚུ་དང་ སྡེ་ཚན་གཞན་ཚུ་གིས་ ལོ་ངོ་ ༢ ལྷགཔ་ཅིག་གི་རིང་ལུ་ ཕྱག་ཞུ་མི་ཚུ་གིས་ཡང་ འགོ་འབྱེད་རྟེན་འབྲེལ་ནང་ གྲལ་གཏོགས་འབད་ནུག།
དེ་ཚེ་ཉིན་མར་ མགྲོན་བརྡ་འབད་མི་ མི་སྡེའི་སྡེ་ཚན་མ་འདྲཝ་ཚུ་ལུ་ གོ་ཡངས་གླིང་ག་དེ་ ངོ་སྤྲོད་འབད་ཡོདཔ་ད་ དེ་ཚེ་ཕྱི་རུ་ བདེ་སྲུང་རིག་རྩལ་ལས་རིམ་གྱིས་ སྦྱོང་བརྡར་བྱིན་ཡོད་མི་ འབྲུག་གི་ཡོངས་གྲགས་ཅན་གྱི་ ཁྲབ་རྩེདཔ་དང་ ཞབས་བྲོ་རྐྱབ་མི་ཚུ་གིས་ཡང་ སྤྲོ་སྟོན་ལས་རིམ་ཅིག་ འགོ་འདྲེན་འཐབ་ཡོདཔ་ཨིན་པས།
ཝང་ཆུའི་མཐའ་མར་ ས་ཆ་ཨེ་ཀར་ ༧ གྱི་ནང་ གོང་འཕེལ་བཏང་ཡོད་མི་ ཅང་ཡུལ་གླིང་ག་དེ་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་གིས་ དུས་ཡུན་ཟླ་ངོ་ ༡༨ ཀྱི་ ནང་འཁོད་ལུ་ མཇུག་བསྡུ་ཡོདཔ་ད་ ལས་འགུལ་དེ་ ཀུན་ཚང་དང་ ཡུན་ཐུབ་ཅན་གྱི་ ལམ་སྲོལ་གྱིས་ཕྱུག་པའི་ ཁྲོམ་སྡེའི་གནས་སྟངས་ གོང་འཕེལ་གྱི་དོན་ལུ་ ཐིམ་ཕུའི་ཐབས་བྱུས་ཅན་གྱི་ མཐོང་འཆར་དང་འཁྲིལ་ཏེ་ཡོདཔ་ཨིན་པས།
གླིང་ག་གོང་འཕེལ་དེ་ཡང་ གཞི་རྟེན་མཁོ་ཆས་དང་ སྐྱེལ་འདྲེན་ལྷན་ཁག་ གཞིས་ཆགས་ལས་ཁུངས་དང་ རྒྱལ་འཛིན་ཁྲོམ་ཚོགས་གོང་འཕེལ་ལྷན་ཚོགས་ དེ་ལས་ བདེ་སྲུང་ཡིག་ཚང་དང་ རྒྱལ་འཛིན་ལས་འགུལ་འགོ་འདྲེན་ཡིག་ཚང་ ཐིམ་ཕུ་ཁྲོམ་སྡེ་ཚུ་ མཉམ་འབྲེལ་བརྩོན་ཤུགས་ཀྱི་ གྲུབ་འབྲས་ཨིན་པས།
དེ་ཡང་ ས་གནས་ནང་ སྡོད་མི་དང་ བལྟ་བཤལ་པ་ དེ་ལས་ གཞན་ཡང་ བལྟ་བསྐོར་འབད་མི་ཚུ་གི་དོན་ལུ་ ཧེ་མ་ ས་སྟོང་སྦེ་ཡོད་མི་ ས་ཆ་དེ་ སྔོ་ལྗང་ཅན་གྱི་ སྤྱི་དོན་ས་གོ་ལུ་ སྒྱུར་བཅོས་ཀྱི་དོན་ལས་ བཟོ་བཀོདཔ་དང་ བཟོ་རིག་པ་ དེ་ལས་ ལས་མི་ ༡༣༠ ལྷགཔ་ཅིག་གིས་ ལཱ་ཚུ་འབད་ནུག།
འབྲུག་གི་སྔར་ཁྱུན་ལམ་སྲོལ་བཟང་པོ་ལུ་ བརྩི་བཀུར་གྱི་སྒོ་ལས་ དེང་དུས་དང་བསྟུན་པའི་ སྔོ་ལྗང་ཅན་གྱི་ གཞི་རྟེན་མཁོ་ཆས་ཚུ་དང་སྦྲགས་ཏེ་ གོང་འཕེལ་བཏང་ཡོདཔ་ལས་ ཅང་ཡུལ་གླིང་གའི་ མཐའ་འཁོར་དང་ གཙང་ཆུའི་སོ་ཁར་ རྡོའི་རྩིགཔ་རྐྱབ་སྟེ་ ལམ་སྲོལ་ཅན་གྱི་ སྒོ་ར་ཁ་ཡང་ བཟོ་བསྐྲུན་འབད་ཡོདཔ་ད་ དེ་ཚུ་ལུ་བརྟེན་ཏེ་ གླིང་གའི་བཟོ་རྣམ་དེ་ ལུགས་མཐུན་མཛེས་ཆ་དང་ལྡན་པའི་ཁར་ མཐའ་འཁོར་གནས་སྟངས་ ཡུན་ཐུབ་ཅན་དང་ མི་སྡེའི་དོན་ལས་ ཁྱད་ཆོས་ཀུན་ཚང་གི་ ས་གོ་ཅིག་སྦེ་ བཟོ་ཡོདཔ་ཨིན་པས།
ཅང་ཡུལ་གླིང་གའི་ ཁྱད་ཆོས་གཙོ་བོ་ཚུ་ཡང་ ས་གོ་ཡངས་པའི་ རྩྭ་ཐང་དང་ གཙང་ཆུའི་མཐའ་མར་ ངལ་སངས་དང་ ལྟདམོ་བལྟ་ས་ཚུ་ཡོད་མིའི་ནང་ མཛར་ཅུམ་ཟ་ནི་དང་ རྩེད་རིགས་མ་འདྲཝ་ འགོ་འདྲེན་འཐབ་སའི་ ས་གོ་ཚུ་ཡང་ཡོདཔ་ཨིན་པས།
གླིང་གའི་སྦུག་ན་ ཇ་ཁང་དང་ སྟེགས་གཞི་ ལྟདམོ་སྟོན་སའི་ས་གོ་ ས་འོག་ཆབ་གསང་ཚུ་ཡོད་པའི་ཁར་ ཨ་ལོ་ཚུ་གི་དོན་ལུ་ཡང་ འཛིངས་ལམ་དང་ ཐག་ཟམ་ཚུ་ཡོདཔ་མ་ཚད་ སྟག་ཚེར་མེ་ཏོག་ལྡུམ་ར་དང་ ཤིང་རིགས་ ༥༠ ལྷགཔ་ཅིག་གིས་ཡང་ བརྒྱན་ཏེ་ཡོད་མི་ སྟག་ཚེར་མེ་ཏོག་ལྡུམ་ར་དེ་ ཐིམ་ཕུ་ལུ་ ལྡུམ་ར་སྦོམ་ཤོས་ཅིག་ཨིནམ་ད་ གླིང་ག་དེ་ནང་ལས་ ཐིམ་ཆུའི་བ་ཟམ་དང་ རྟ་ལོག་ཁ་ དབང་འདུས་རྩེ་ཚུ་ཡང་ མཇལ་ཚུགས་དོ་ཡོདཔ་ཨིན་པས།
མདོར་བསྡུ་བ་ཅིན་ ཅང་ཡུལ་གླིང་ག་དེ་ ཡུན་བརྟན་ཅན་གྱི་ ཁྱད་ཆོས་ལུ་ གཞི་བརྟེན་འབད་དེ་ གོང་འཕེལ་བཏང་ཡོད་པའི་ གླིང་ག་ཅིག་ཨིནམ་ད་ གླིང་ག་དེ་ནང་ འཇོན་སྟབས་ཅན་གྱི་ གློག་མེའི་རྒྱུན་ལམ་ཚུ་ཡང་ རང་བཞིན་ཅན་གྱི་ རྡོ་ཕུག་ཚུ་གི་འོག་ལས་སྦེ་ བཙུགས་ཏེ་ཡོད་པའི་ཁར་ ག་ནི་བ་ཡང་ མཛེས་ཆ་དང་ལྡན་པའི་ གློག་མེའི་ཀཝ་ཚུ་ཡང་ བཙུགས་ཏེ་ཡོདཔ་ཨིན་པས།
གླིང་ག་དེ་དང་ མཐུད་སྦྲེལ་ཅན་གྱི་ མཐུན་རྐྱེན་གཞན་ཡང་ རིང་ཚད་ཀི་ལོ་མི་ཊར་ ༡ འབད་མི་ རྒྱུག་ལམ་དང་ གློག་འཕྲུལ་སྣུམ་འཁོར་གྱི་དོན་ལུ་ འཕྲུལ་ལྟོ་བསྐྱར་གསོའི་ས་གོ་ སྐྱེལ་འདྲེན་བཱཛ་གི་ འཐོན་འཛུལ་ས་གོ་ཚུ་ཡོདཔ་ད་ གླིང་ག་དེ་ ཐིམ་ཕུའི་སྒྲིག་བཀོད་འཆར་གཞི་ ༢༠༢༣-༢༠༤༧ ཅན་མ་ལྟར་དུ་ བཟོ་བསྐྲུན་འབད་ཡོདཔ་ལས་ ཐིམ་ཕུ་ལུ་ སྡོ་མི་ཚུ་གི་ འཚོ་བའི་སྤུས་ཚད་ ཡར་དྲག་འགྱོ་བའི་ རེ་བ་ཡོདཔ་ཨིན་པས།
ཅང་ཡུལ་གླིང་ག་དེ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ ཐུགས་ཀྱི་དགོངས་གཏེར་ལས་འཁྲུངས་པའི་ གོང་འཕེལ་གྱི་ ལས་དོན་ཅིག་ཨིན་པའི་གནས་ཚུལ།






Users Today : 4141
Users Yesterday : 3320
This Month : 94585
This Year : 390551
Total Users : 1102367
Views Today : 7089
Total views : 3078149
Who's Online : 32