
གནམ་ལོ་ཤིང་འབྲུག་ཟླཝ་ ༧ པའི་ཚེས་ ༢༣ སྤྱི་ཟླ་ ༨ པའི་ཚེས་ ༢༧ ལུ་ ཕྱི་རོའི་ཆུ་ཚོད་ཕྱེད་དང་ ༡༠ ལས་ འགོ་བཙུགས་ཏེ་ ཉིན་གྲངས་ ༡༥ གི་རིང་ལུ་ བཀྲིས་ཆོས་རྫོང་གི་ འདུ་ཁང་ཆེན་མོའི་ནང་སྦེ་ ལོ་བསྟར་གནང་སྲོལ་ཡོད་མི་ དཔལ་ལྡན་ལྷ་མོའི་ སྒྲུབ་ཆེན་འདི་ གཞུང་གྲྭ་ཚང་གི་ རྡོ་རྗེ་སློབ་དཔོན་མཆོག་དང་ ཡོན་ཏན་སློབ་དཔོན་རྣམ་ ༢ དབུ་བཞུགས་ཐོག་ལུ་ དགེ་སློང་ཞལ་གྲངས་ ༣༠༠ དེ་ཅིག་གིས་ གནང་ནིཨིན་པས།
དེ་ཡང་ རྒྱལ་ཁབ་ནང་ ག་ནི་བ་ བྱིན་རླབས་ཆེ་བའི་ ལྷ་དབང་སྒྲུབ་མཆོད་འདི་ མཐུ་ཆེན་ཆོས་ཀྱི་རྒྱལ་པོ་ ཞབས་དྲུང་ངག་དབང་རྣམ་རྒྱལ་མཆོག་གི་སྲས་ འཇམ་དཔལ་རྡོ་རྗེའི་སྤྲུལ་སྐུ་ རྒྱལ་སྲས་ཀུན་དགའ་རྒྱལ་མཚན་ནམ་ རྒྱལ་སྲས་གྷ་ཎ་པ་ཏི་མཆོག་གིས་ རབ་བྱུང་ ༡༢ པའི་ གནམ་ལོ་ལྕགས་སྟག་ཟླཝ་ ༨ པའི་ནང་དང་ སྤྱི་ལོ་ ༡༧༡༠ ལུ་ གཞི་བཙུགས་གནང་ནུག།
དེ་སྦེ་ གཞི་བཙུགས་གནང་དགོ་པའི་ རྒྱུ་མཚན་ཡང་ རྒྱལ་སྲས་རིན་པོ་ཆེ་མཆོག་ གདན་ས་ལྕགས་རི་ལུ་ དཔལ་ལྡན་ལྷ་མོའི་ བསྙེན་སྒྲུབ་གནང་སྟེ་ བཞུགས་པའི་སྐབས་ལུ་ དཔལ་ལྡན་ལྷ་མོ་གིས་ ཞལ་དངོས་སུ་གཟིགས་ཏེ་ རྒྱལ་ཁབ་རང་དབང་སྲུང་སྐྱོབ་དང་ ཞི་བདེའི་དོན་ལས་ ལྷ་དབང་སྒྲུབ་མཆོད་ བཙུགས་དགོ་པའི་ ལུང་བསྟན་དང་ གར་འཆམ་གྱི་ ལེའུ་ལ་སོགས་པ་ཚུ་ཡང་ དག་སྣང་ལུ་ སྟོན་གནང་ནི་དེ་གིས་ཨིན་པས།
དུས་དེ་ལས་ཚུར་ ད་ཚུན་གྱི་རིང་ལུ་ སྒྲུབ་ཆེན་འདི་ རྒྱས་ཤིང་རྒྱསཔ་སྦེ་ གནང་བཞིན་དུ་ཡོདཔ་ལས་ སྒྲུབ་ཆེན་འདི་གི་སྐབས་ལུ་ དགེ་འདུནམ་ཚུ་ ཕྱི་རོའི་ཆུ་ཚོད་ ༩.༣༠ ལས་ འགོ་བཙུགས་ཏེ་ དེ་གི་ནངས་པར་ ཕྱི་རོའི་ཆུ་ཚོད་ ༧ ཚུན་འབདཝ་ད་ དུས་ཡུན་ཆུ་ཚོད་ ༢༠ གི་རིང་ལུ་ གསུང་ཆོག་གནང་པའི་ནང་ལས་ཡང་ ལྷག་པར་དུ་ དྲོ་པའི་ཆུ་ཚོད་ ༢.༣༠ དེ་ཅིག་ལས་ དཀྱིལ་འཁོར་ཆེན་མོའི་ སྐུ་བདུན་ལུ་ གསུང་ཆོགཔ་ཚུ་ ཆོས་འཁོར་བཞེངས་ཟེར་ གྱལ་གླང་རྭ་སྦེ་བཅད་དེ་ ཞི་རྒྱས་དབང་དྲག་གི་ མཆོད་པ་ཚུ་ རྒྱས་ཤིང་རྒྱསཔ་སྦེ་ ཕུལཝ་ཨིན་མས།
ཆོས་འཁོར་ཟེར་མི་འདི་ དཀྱིལ་འཁོར་གྱི་ མཐའ་བསྐོར་ཏེ་ མཆོད་པ་ཚུ་ བཤམས་ཏེ་ཡོད་མི་ དཀྱིལ་འཁོར་གྱི་ ཕྱོགས་བཞི་ལས་ ཞི་རྒྱས་དབང་དྲག་གི་ མཆོད་པ་ཕུལ་ཏེ་ (ཤར) སྒྲུབ་པ་པོ་དང་ སྦྱིན་བདག་ལུ་ ཕྱི་ནང་གསང་བའི་ རྐྱེན་སེལ་ཏེ་ རྒྱལ་ཁབ་ལུ་ ནད་ཡམས་མུ་གེ་དང་ འཁྲུག་རྩོད་ཚུ་ཞི་བའི་ དངོས་གྲུབ་ཞུ་ནི་དང་། (ལྷོ) རང་གི་ཚེ་བསོད་དཔལ་འབྱོར་དང་ དབང་ཐང་རླུང་རྟ་ དར་ཞིང་རྒྱས་པ་དང་ རྒྱལ་ཁབ་ལུ་ དཔལ་འབྱོར་གོང་འཕེལ་ བཙན་ཕྱུག་གི་ དངོས་གྲུབ་ཞུ་ནི། (ནུབ) མི་ནོར་ཟས་གསུམ་ དབང་དུ་བསྡུ་ནིདང་ རྒྱལ་ཁབ་རང་བཙན་གྱི་ དངོས་གྲུབ་ཞུ་ནི། (བྱང་) སངས་རྒྱས་ཀྱི་ བསྟན་པ་དང་ རྒྱལ་ཁམས་ལུ་གནོད་པའི་ དགྲ་བགེགས་ཚུ་ མངོན་སྤྱོད་དྲག་པོའི་འཕྲིན་ལས་ཀྱིས་ ཚར་གཅོད་པའི་ དྲག་པོའི་དངོས་གྲུབ་ ཞུ་ནི་ཚུ་ཨིན་པས།
དེ་ལས་ ཕྱི་རོའི་ཆུ་ཚོད་ ༣ དེ་ཅིག་ལས་ འདུ་ཁང་ནང་སྦེ་ སྤྱིར་སངས་རྒྱས་ཀྱི་ བསྟན་པ་དང་ སེམས་ཅན་ལུ་ གནོད་འཚེ་འབད་མི་དང་ ལྷག་པརདུ་ རྒྱལ་ཁབ་ལུ་ གནོདཔ་བཀལ་མི་ དགྲ་བགེགས་ཚུ་ བསྒྲལ་ནིའི་དོན་ལུ་ གདབ་ལས་ཀྱི་ གར་འཆམ་དང་ ཞྭ་ནག་ལྔ་མའི་ གར་འཆམ་ཚུ་ བྱིན་རླབས་ཀྱི་ གཟི་བརྗིད་ཆེ་དྲགས་དང་ ལྟདམོ་ཆེ་ཏོག་ཏོ་སྦེ་ གནང་ནི་ཡོདཔ་ད་ གར་འཆམ་དེ་གི་སྐབས་ལུ་ མི་སེར་དད་ཅན་ཚུ་ཡང་ འདུ་ཁང་གི་ཕྱི་ཁ་ལས་ མཇལ་ཁ་ཞུ་བར་ བཅར་སྲོལ་ཡོདཔ་ཨིན་པས།
དེ་ལས་ ཉིན་ཞག་ ༡༢ པ་ སྒྲོམ་མཆོད་མདུན་བསྐྱེད་བསྒང་ལས་ ལྷ་མོ་གཙོ་མོའི་ སྒོ་མཚམས་དང་ སྡེ་བརྒྱད་ལ་སོགས་པ་ སྒྲུབ་མཆོད་ཀྱི་ དཀྱིལ་འཁོར་དང་བཅས་པའི་ སྐུ་འཆམ་བྱིན་ཅན་གྱི་རིགས་ འདྲ་མིན་སྣ་ཚོགས་ཚུ་ བཀྲིས་ཆོས་རྫོང་གི་ རྡོ་གཅལ་ནང་སྦེ་ མི་དམངས་ལུ་ མཇལ་ཁ་གནངམ་ཨིན་པས།
དེ་བཟུམ་སྦེ་ རང་ཟླ་ ༨ པའི་ཚེས་ ༩ ལས་ ༡༢ ཚུན་ ལོ་བསྟར་ཚེས་བཅུའི་ གར་འཆམ་ཚུ་ མཇལ་ཁ་གནང་སྲོལ་ཡོདཔ་བཞིན་དུ་ དུས་ཅི་ སྤྱི་ཟླ་ ༩ པའི་ཚེས་ ༡༣ ལས་ ༡༥ ཚུན་ ཉིན་གྲངས་ ༣ གྱི་རིང་ལུ་ ཐིམ་ཕུ་ཆ་འདུས་ཀྱི་ གཞུང་སྒེར་ལས་སྡེ་ཁག་གི་ ཡིག་ཚང་དང་ སློབ་གྲྭ་ཚུ་ག་ར་ གཞུང་འབྲེལ་ངལ་གསོ་སྦེ་ བཞག་གནང་ནི་ཨིན་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1392608
Views Today :
Total views : 5000
Who's Online :