
བཱེཛ་བཱོལ་རྩེདམོ་གི་ ཁྱབ་ཚད་དང་ ཤན་ཞུགས་ཀྱི་ འབྱུང་རབས་ནང་ འབྲུག་ལས་ ན་གཞོན་ ༡༢ ཀྱིས་ ཡུ་ཨེཛ་ལུ་ ཡང་སྐྱིད་རྩེད་ཐང་ནང་ གལ་གནད་ཆེ་བའི་གྲངས་སུ་ བརྩི་འཇོག་ཐོག་ལས་ འགོ་ཐོག་དང་པ་ བལྟ་སྐོར་འབད་ཡོདཔ་ད་ དེ་བཟུམ་མའི་ འབྱུང་རབས་ཅན་གྱི་ གོ་སྐབས་དེ་ཡང་ ཧཱཌ་སཱན་ཝེ་ལི་ རེ་ནེ་གཱེཌ་ཟེར་མི་ བཱེཛ་བཱོལ་ཚོགས་པ་གིས་ དམིགས་བསལ་དུ་ འགོ་འདྲེན་འཐབ་མི་ལུ་བརྟེན་ཏེ་ ཐོབ་ཡོདཔ་ཨིན་པས།
ན་གཞོན་སྡེ་ཚན་དེ་གིས་ ཡང་སྐྱིད་བཱེཛ་བཱོལ་རྩེ་མི་ཚུ་དང་ ཕྱད་ནི་གི་ གོ་སྐབས་ཐོབ་ཡོདཔ་མ་ཚད་ ཁོང་གི་ཡོངས་ཁྱབ་འཛིན་སྐྱོང་པ་ བར་ཡཱན་ཀེཤ་མེན་དང་གཅིག་ཁར་ཡང་ ཕྱད་ཐོག་ལས་ ཡོངས་གྲགས་ཅན་གྱི་རྩེདམོ་ བཱེཛ་བཱོལ་གྱི་སྐོར་ལས་ གྲོས་བསྟུན་ཚུ་ཡང་འབད་ནུག།
ལྟདམོ་བལྟ་མི་ ༤༡,༢༦༣ དེ་ཅིག་ སྤུངས་འཛོམས་འབད་སར་ འབྲུག་པའི་ན་གཞོན་སྡེ་ཚན་གྱིས་ ཡང་སྐྱིད་སྡེ་ཚན་དང་གཅིག་ཁར་ རྒྱལ་ཡོངས་བརྟན་བཞུགས་ཀྱི་ ལས་རིམ་ནང་ གྲལ་གཏོགས་འབད་བའི་ཤུལ་ལུ་ བཱེཛ་བཱོལ་རྩེད་ཐང་ནང་ གང་མགྱོགས་ཐོག་ལས་ རང་སོའི་ས་གོ་བཟུང་ནི་གི་ གོ་སྐབས་ཡང་ སྤྲོད་ཡོདཔ་ཨིན་པས།
འབྲུག་གི་ན་གཞོན་ཚུ་གིས་ ཡང་སྐྱིད་བཱེཛ་བཱོལ་སྡེ་ཚན་གྱི་ ཡོངས་དཔོན་དང་ ཡོངས་ཁྱབ་འཛིན་སྐྱོང་པ་གིས་གཙོས་པའི་ རྩེད་འགྲན་པ་དྲག་ཤོས་ཚུ་ལུ་ འབྲུག་གི་བཱེཛ་བཱོལ་གྱི་ ཞྭམོ་ཚུ་བྱིན་ཏེ་ ལམ་སྲོལ་བརྗེ་སོར་འབདཝ་ལས་ བཀྲིན་ལེགས་སོའི་ བརྡ་མཚོན་ཡང་སྟོན་ནུག།
འབྲུག་པའི་ན་གཞོན་ཚུ་གིས་ ཡུ་ཨེཛ་ལུ་སྡོད་པའི་ མཐའ་མཇུག་གི་ཉིན་མར་ ནིའུ་ཡཱོག་ཁྲོམ་གྱི་ ནང་འཁོད་ལུ་ཡོད་མི་ མིང་གཏམ་ཅན་གྱི་ སེན་ཊྲཱལ་པཱག་དང་ ཊ་ཡེམ་སི་ཀོ་ཡེར་ དེ་ལས་ ཨིཛ་ཊེ་ཅུ་ཨོཕ་ ལི་བར་ཊི་དང་ ནིའུ་ཡཱོག་གི་ མི་མང་དཔེ་མཛོད་ཁང་ཚུ་གི་ནང་ཡང་ བལྟ་སྐོར་འབད་ནི་གི་ གོ་སྐབས་ཐོབ་ཡོད་པའི་གནས་ཚུལ།






Users Today :
Users Yesterday :
This Month :
This Year :
Total Users : 1406478
Views Today :
Total views : 5000
Who's Online :