
སྤྱི་ལོ་ ༢༠༢༤ སྤྱི་ཟླ་ ༨ པའི་ཚེས་ ༢༨ ལུ་ འབྲུག་མཉམ་རུབ་ཚོགས་པ་གིས་ སྣུམ་འཁོར་གྱི་ གོང་ཚད་ཡར་སེང་དང་ སྤྱི་ལོ་ ༢༠༢༢ ལོར་ ཁྲལ་བསྐྱར་བཟོ་འབད་མི་ལུ་ དོགས་སེལ་འབདཝ་ཨིན་པས།
དེ་ཡང་ གནས་ཚུལ་གསར་བཏོན་ནང་ བཀོད་དོ་བཟུམ་འབད་བ་ཅིན་ ཉིན་གྲངས་ ༡༠ དེ་ཅིག་གི་ཧེ་མར་ སྣུམ་འཁོར་ནང་འདྲེན་ བཀག་དམ་ལས་ ཡངས་ཆག་བཏང་པའི་ཤུལ་ལུ་ གནད་དོན་དེ་ཚུའི་སྐོར་ལས་ ལོ་རྒྱུས་ཚུ་བཤདཔ་ད་ འབྲུག་མཉམ་རུབ་ཚོགས་པའི་ འགོ་ཁྲིད་འོག་ལུ་ འདས་པའི་གཞུང་གིས་ འཕྲི་སྣོན་འབད་ཡོད་པའི་ ཁྲལ་གྱི་བཅའ་ཁྲིམས་ ༢༠༢༢ ཅན་ལུ་བརྟེན་ཏེ་ཨིན་པའི་ ཁུངས་ཚུ་བཤད་མི་ལུ་ ངོས་ལེན་ཡོད་ཟེར་ཨིན་པས།
དེ་བསྒང་ འབྲུག་མཉམ་རུབ་ཚོགས་པའི་ གཞུང་སྐྱོང་གི་ གནས་ཡུན་ནང་ ཚེ་སྲོག་དང་ འཚོ་སྐྱོང་གཉིས་ཆ་ར་ལུ་ ཉེན་ཁ་ཡོད་པའི་ གནས་སྟངས་ཤར་ཡོདཔ་ལས་ གསོ་བའི་དཀའ་ངལ་དང་ དེ་གི་ཤུལ་ལས་ དཔལ་འབྱོར་གྱི་ དཀའ་ངལ་ལས་ ཉེན་སྐྱོབ་འབད་དགོ་པའི་ འགན་ཁུར་འཁྲིཝ་ལས་ གནས་སྟངས་དང་བསྟུན་ཏེ་ བྱ་ཐབས་མེད་པའི་ གྲོས་ཆོད་ཚུ་ བཏོན་ཡོདཔ་མ་གཏོགས་ སྲིད་འབྲེལ་རྒྱུད་བསྐུལ་གྱི་ ལཱ་འབད་ནི་དེ་ ཚོགས་པའི་གཞི་རྩ་མིན་ཟེར་ཨིནམ་ད་ དེ་ཡང་ གཙོ་བོ་ར་ གཞུང་ལུ་ མི་དབང་མངའ་བདག་རིན་པོ་ཆེ་མཆོག་གི་ མཁྱེན་རྒྱ་ཆེ་བའི་ རྒྱབ་སྐྱོར་ལུ་ བཀའ་དྲིན་གདིང་ལས་ར་ བསམ་དགོ་ཟེར་བཀོད་ནུག།
ང་བཅས་རའི་ རྒྱལ་ཁབ་འདི་ ནང་འདྲེན་ལུ་ གཞི་བརྟེན་འབད་དགོ་མི་ཅིག་ཨིནམ་ལས་ ར་ཤི་ཡ་དང་ ཡུ་ཀེ་རེན་གྱི་ དམག་འཁྲུག་དེ་གིས་ འཚོ་བའི་གནས་གོང་ལུ་ ཐད་ཀར་དུ་ གནོད་པ་བྱུང་ཡོདཔ་མ་ཚད་ དེ་བསྒང་ ནང་འདྲེན་ཡང་ ཡར་སེང་སོང་ཡོདཔ་ལས་ ཕྱི་དངུལ་གསོག་འཇོག་གི་ ཚད་གཞི་དེ་ ཉམས་ཡོདཔ་སྦེ་ཨིན་པས།
དེ་ཁ་ལུ་ ཚོང་འབྲེལ་རྩིས་ཆད་དེ་ཡང་ ག་ནི་བ་ མཐོ་དྲགས་ཡར་སོངཔ་ལས་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གནས་སྟངས་ལུ་ ལེགས་སྒྱུར་མ་འཐོན་ཚུན་ ནང་འདྲེན་བཀག་དམ་དང་ ཡང་ཅིན་ མཁོ་གལ་མ་ཆེ་བའི་ ཅ་ཆས་ནང་འདྲེན་འབད་ནི་ལས་ འཛེམ་དགོ་པའི་ སེམས་སྐུལ་འབད་ནི་མ་གཏོགས་ གཞན་འབད་ཐབས་ཀྱི་ གདམ་ཁ་མེད་པའི་ གནས་སྟངས་ལུ་ ལྷོད་ཅི་ཟེར་བཀོད་ནུག།
དེ་འབདཝ་ལས་ སྤྱི་ལོ་ ༢༠༢༢ ལུ་ སྣུམ་འཁོར་ནང་འདྲེན་ བཀག་དམ་དང་ ཁྲལ་གྱི་བཅའ་ཁྲིམས་ འཕྲི་སྣོན་འབད་བའི་ཁར་ འབྲུག་མཉམ་རུབ་ཚོགས་པའི་ གཞུང་གི་ཁ་ཐུག་ལས་ ཁྲལ་གྱི་ལམ་ལུགས་དེ་ ཁྱད་རིག་དང་ལྡནམ་སྦེ་བཟོ་བའི་ ཡིད་ཆེས་ཡང་ཡོདཔ་ད་ ཁྲལ་བསྐྱར་བཟོའི་སྐབས་ལུ་ ཁྲལ་ལ་ལོ་ཅིག་ མར་ཕབ་ཡང་ འབད་དེ་ཡོད་ཟེར་ཨིན་པས།
དེ་ཡང་ དཔྱེ་འབད་བ་ཅིན་ རང་སོའི་འབབ་ཁུངས་ཁྲལ་ལུ་ ཡར་སེང་འབད་ཡོད་རུང་ གྲོང་གཡུས་ནང་གི་ ཚོང་ལཱ་ཆུང་བ་ཚུ་ལུ་ ཁྲལ་ཡངས་ཆག་དང་ སྒེར་སྡེ་ལས་འཛིན་གྱི་ འབབ་ཁུངས་ཁྲལ་དེ་ མར་ཕབ་འབད་བའི་གུ་ རྒྱལ་ཁབ་ནང་ སྔོ་ལྗང་གི་གནས་ཚད་ ཡར་སེང་གི་དོན་ལུ་ གློག་ཤུགས་སྣུམ་འཁོར་ཚུ་ལུ་ ཁྲལ་བརྒྱ་ཆ་ ༥༠ རེ་ མར་ཕབ་འབད་དེ་ཡོད་ཟེར་བཀོད་ནུག།
འབྲུག་མཉམ་རུབ་ཚོགས་པའི་ ཁ་ཐུག་ལས་ ལཱ་ཁག་སྦེ་ར་ རྒྱུ་དངོས་ཀྱི་ ཁྲལ་ཡར་སེང་འབད་མི་ལུ་བརྟེན་ཏེ་ འོང་འབབ་བསྡུ་ལེན་དེ་ཡང་ ཧ་ལམ་བརྒྱ་ཆ་ ༡༠༠ གིས་ ཡར་སེང་སོང་ཡོདཔ་ལས་ ཁྲལ་གྱི་ལམ་ལུགས་དེ་ལུ་ ད་རེས་ཀྱི་གཞུང་དང་ ཤུལ་མའི་གཞུང་ཚུ་གིས་ འདས་པའི་གཞུང་ཚུ་ལུ་ ཁ་ཉེས་བཀལ་ནི་མིན་པར་ རྒྱལ་ཁབ་བཙན་ཐབས་ཀྱི་ འཆར་སྣང་ཚུ་ གཟིགས་ཚུགས་པའི་ རེ་བ་ཡོད་ཟེར་ གནས་ཚུལ་གསར་བཏོན་ནང་ བཀོད་འདུག་པའི་གནས་ཚུལ།




Users Today :
Users Yesterday :
This Month :
This Year :
Total Users : 1408558
Views Today :
Total views : 5000
Who's Online :