རྒྱལ་ཁབ་ནང་ སྣུམ་འཁོར་གྱི་གོང་ཚད་ ཡར་སེང་འགྱོ་མི་དང་ ཁྲལ་བསྐྱར་བཟོའི་གྲོས་དོན།

ལྡོག་ཕྱོགས་ཀྱི་ ཁ་ཐུག་ལས་ ཡིག་ཐོག་ལུ་ བསམ་འཆར་ཁྱབ་སྤེལ་འབད་མིའི་ནང་ འཕྲལ་ཁམས་ཅིག་ཁམས་ སྣུམ་འཁོར་ནང་འདྲེན་ བཀག་དམ་ལས་ ཡངས་ཆ་བཏང་པའི་ཤུལ་ལུ་ སྣུམ་འཁོར་གྱི་ གོང་ཚད་ཚུ་ མཐོ་དྲགས་སྦེ་ ཡར་སེང་འགྱོ་མི་དང་ སྤྱི་ལོ་ ༢༠༢༢ ལུ་ འདས་པའི་གཞུང་གིས་ ཁྲལ་བསྐྱར་བཟོ་འབད་མི་ཚུ་གིས་ མི་སེར་ངོ་རྐྱང་དང་ བཟའ་ཚང་ དེ་ལས་ ཚོང་ལཱ་ཚུ་ལུ་ བྱེམ་སྦོམ་སྦེ་ར་ ཕོག་སྟེ་ཡོདཔ་ལས་ ཕན་གནོད་དོ་མཉམ་གྱི་སྒོ་ལས་ ཡིག་ཐོག་བསམ་འཆར་ཅིག་ ཁྱབ་སྤེལ་འབད་ནུག།
དེ་ཡང་ སྤྱི་ལོ་ ༢༠༢༢ ཀྱི་ ཁྲལ་བསྐྱར་བཟོའི་ རྒྱབ་ཁུངས་འབད་བ་ཅིན་ དེ་བསྒང་ ནད་ཡམས་ཀོ་ཝིཌ་-༡༩ ལུ་བརྟེན་ཏེ་ རྒྱལ་སྤྱིའི་གནས་རིམ་ནང་ར་ དཔལ་འབྱོར་གྱི་གནས་སྟངས་ ཚབས་ཆེན་སྦེ་ར་ ཉམས་ཡོད་པའི་ཁར་ ཡུ་ཀེ་རེན་དང་ ར་ཤི་ཡའི་ དམག་འཁྲུག་ལུ་བརྟེན་ཏེ་ཡང་ གོང་ཚད་ཡར་འཕར་དང་ ཚོང་འབྲེལ་རྩིས་ཆད་ཚུ་ལུ་ ཐོ་ཕོག་ཡོདཔ་མ་ཚད་ ཕྱི་དངུལ་གསོག་འཇོག་གི་ ཚད་གཞི་དེ་ཡང་ མར་ཉམས་སོང་ཡོདཔ་ལས་ དཔལ་འབྱོར་གྲི་ གནས་སྟངས་དང་བསྟུན་པའི་ གདོང་ལན་གྱི་ ཐབས་ལམ་ཚུ་ ལག་ལེན་འཐབ་དགོཔ་ བྱུང་ནུག་ཟེར་ཨིན་པས།
དེ་འབདཝ་ལས་ ཚོང་འབྲེལ་རྩིས་ཆད་ཀྱི་ དཀའ་ངལ་སེལ་ཐབས་ལུ་དང་ ཕྱི་དངུལ་ཕྱིར་སྤེལ་ མར་ཕབ་འབད་ཐབས་ལུ་དམིགས་ཏེ་ མཁོ་གལ་མེད་པའི་ ཅ་ཆས་ནང་འདྲེན་ཚུ་ མར་ཕབ་འབད་ནི་དང་ ནང་འཁོད་ཐོན་སྐྱེད་ལུ་ སེམས་ཤུགས་བསྐྱེད་བཅུག་ནིའི་དོན་ལས་ ཁྲལ་བསྐྱར་བཟོ་འབད་ནུག།
དེ་མ་ཚད་ ཁྲལ་ཡར་སེང་དེ་ མི་སེར་གྱི་ ཕན་བདེ་དང་ མཐའ་འཁོར་གནས་སྟངས་ ཉེན་སྲུང་དང་འབྲེལ་བའི་ རྒྱལ་ཡོངས་ཀྱི་ དམིགས་དོན་ཚུ་དང་ ཚུལ་མཐུན་དང་ མི་མང་འཕྲོད་བསྟེན་དང་ མཐའ་འཁོར་གནས་སྟངས་ཡུན་བརྟན་གྱི་དོན་ལུ་ གཟུགས་ཁམས་འཕྲོད་བསྟེན་དང་ མཐའ་འཁོར་གནས་སྟངས་ལུ་གནོད་པའི་ ཅ་ཆས་ཚུ་ལུ་ ཁྲལ་ཡར་སེང་འབད་བའི་ནང་ལས་ དམིགས་བསལ་དུ་ ནང་འཁོད་བཟོ་གྲྭ་ཆུང་བ་ཚུ་གིས་གཙོས་པའི་ ས་གནས་ཁག་གི་ བཟོ་གྲྭ་ཚུ་ གོང་འཕེལ་གཏང་ནི་གི་ ཀུན་སློང་ཐོག་ལས་ཡང་ ཁྲལ་ཡར་སེང་འབད་ནུག་ཟེར་ཨིན་པས།
ལྡོག་ཕྱོགས་ཀྱིས་ ཁྲལ་ཡར་སེང་དེ་ དེ་བསྒང་གི་ གནས་སྟངས་དང་བསྟུན་ཏེ་ རྒྱུ་མཚན་དང་ལྡན་པའི་ ལག་ལེན་ཅིག་ཨིནམ་སྦེ་ ངོས་ལེན་འབད་ནུག།
ད་ལས་ཕར་ གཞུང་གསརཔ་གི་དོན་ལུ་ ལྡོག་ཕྱོགས་ཀྱི་ཁ་ཐུག་ལས་ མདུན་ལམ་གྱི་ བསམ་འཆར་འབད་བ་ཅིན་ ད་རེས་ དཔལ་འབྱོར་གྱི་ གནས་སྟངས་མ་འདྲཝ་སོང་ཡོད་པའི་ དུས་སྐབས་ནང་ ཕྱི་དངུལ་གསོག་འཇོག་ལུ་ ལེགས་སྒྱུར་ཐོན་ཏེ་ དཔལ་འབྱོར་ཡར་འཕར་གྱི་ མཐོང་སྣང་ཡང་ ལེགས་ཤོམ་ཡོདཔ་ལས་ སྣུམ་འཁོར་ནང་འདྲེན་དེ་ ཡངས་ཆག་བཏང་ཡི་ཟེར་ཨིན་པས།
ཨིན་རུང་ གཞུང་གི་ཁ་ཐུག་ལས་ ད་རེས་ཀྱི་ གནས་སྟངས་དང་བསྟུན་ཏེ་ དངུལ་རྩིས་སྲིད་བྱུས་ཚུ་ བསྐྱར་ཞིབ་ཐོག་ལས་ སྤྱི་ལོ་ ༢༠༢༢ ཀྱི་ ཁྲལ་བསྐྱར་བཟོ་དེ་གིས་ ཀུན་སློང་བསྐྱེད་མི་ དམིགས་དོན་ཚུ་ བསྒྲུབས་དང་མ་བསྒྲུབས་ཀྱི་ བསྐྱར་ཞིབ་འབད་དེ་ རྒྱལ་ཁབ་ཀྱི་ དཔལ་འབྱོར་གྱི་ བརྟན་གཞི་དང་ ཡར་འཕར་ ངེས་གཏན་བཟོ་ཐབས་ལུ་ ཁེ་གྱོང་འབག་མི་ སྒེར་སྡེ་དང་ ཞི་བའི་མི་སྡེ་ དེ་ལས་ མཁས་མཆོག་ཚུ་དང་གཅིག་ཁར་ ཁྱབ་ཆེ་བའི་སྒོ་ལས་ གྲོས་བསྟུན་ཚུ་འབད་དེ་ མ་འོངས་པའི་ ཁྲལ་གྱི་སྲིད་བྱུས་ཚུ་ འདྲ་མཉམ་ཡོདཔ་ ངེས་གཏན་བཟོ་ཞིནམ་ལས་ ཐབས་བྱུས་གསརཔ་ཚུ་གི་ཐོག་ལས་ ཁྲལ་གྱི་སྲིད་བྱུས་ཚུ་ བྱ་སྟབས་བདེ་བ་ཅིན་ དུས་ཅི་ གནམ་དགུན་གྱི་ ཚོགས་ཐེངས་སྐབས་ལུ་ གསུང་གྲོས་གནང་ནི་ཡོདཔ་ བཟོ་དགོ་པའི་ བསམ་འཆར་ཚུ་བཀོད་ནུག།
དེ་བཟུམ་སྦེ་ རྒྱལ་ཁམས་ཀྱི་ འཕྲོ་མཐུད་ཅན་གྱི་ ལོངས་སྤྱོད་དང་ ཕན་བདེ་ཡར་འཕེལ་གྱི་དོན་ལུ་ རྒྱབ་སྐྱོར་དང་ མཉམ་འབྲེལ་གང་དྲག་འབད་ནི་ལུ་ གྲ་འགྲིག་ཡོད་ལུགས་ཚུ་ཡང་ བཀོད་ཡོད་པའི་གནས་ཚུལ།

Please follow and like us: